མི་དམངས་དྲ་བ།

༄༅།།བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ།

         མི་དམངས་དྲ་བའི་འཕྲིན།  ངོ་མཚར་ཆེ་བའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཀྱིས་འཛམ་གླིང་གི་ཡིད་དབང་ཡོངས་སུ་འཕྲོག ཚེས་19ཉིན་གྱི་ཕྱི་དྲོ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་མ་ཟད། ཀྲུང་ཕྱིའི་སྨྱན་སྦྱོར་ལ་སྒོ་ཕྱེ་བ་རེད། ཀྲུང་ཕྱིའི་སྨྱན་སྦྱོར་48ཀྱི་གསར་འགོད་པ་70ལྷག་ཙམ་གྱིས་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་འདུ་ཚོགས་རར་ཟུར་ཉན་དང་བཅར་འདྲི་བྱེད་པར་ཡོང་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་པ་རེད། གངས་ལྗོངས་ས་མཐོ་ནས་ཕེབས་པའི་འཐུས་མི་ཚོས་ཡིད་ཆེས་ཀྱིས་ཁེངས་པ་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་སྙན་སྒྲོན་སྐོར་ལྷུག་གླེང་དང་། འདས་ཟིན་པའི་ལོ་ལྔར་བྱུང་བའི་འགྱུར་ལྡོག་གསལ་བཤད། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་རྒྱང་ལྟ་བཅས་གནང་བ་རེད།
        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འཐུས་མི་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་ཚོགས་འདུར་ཞུགས་པའམ་ཡང་ན་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
         ཚོགས་འདུའི་ཐོག་འཐུས་མི་ཆེ་དགྲ་ལྷ་དང་། ཨ་པོ། པད་མ་དབྱངས་ཅན། བྱམས་པ་བཀྲ་ཤིས། ཐེན་ཧའེ་ཡུས། སྤེན་པ་བཀྲ་ཤིས་སོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་སེམས་སུ་འཆང་བཞིན་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། དེ་ལས་ཏང་ཡོངས་སྔར་བྱུང་མྱོང་མེད་པའི་མཐུན་སྒྲིལ་བྱུང་སྟེ་རྒྱལ་ཁབ་སྟོབས་འབྱོར་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་རྒྱུར་རྩ་བའི་འགན་ལེན་ཐུབ་ངེས་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད། འཐུས་མི་ཚོས་མོས་མཐུན་རྦད་དེ་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
         འཐུས་མི་ཆེ་དགྲ་ལྷས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཞིང་། སྔ་འཛིན་ཕྱི་གཏོད་དང་། དུས་བསྟུན་འཕེལ་རྒྱས། གོ་དོན་སྣ་འཛོམས། རྒྱ་ཆེ་གཏིང་ཟབ་བཅས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་དེས་མི་རྣམས་ལ་དད་མོས་ཀྱི་བློ་སེམས་འགུག་ཤུགས་དང་། ཁ་ཕྱོགས་ཀྱི་ཁྲིད་སྟོན། ཡར་བརྩོན་གྱི་སྟོབས་ཤུགས། རྒྱལ་ཁའི་གདེང་ཚོད་བཅས་སྦྱིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གྱི་གྲུབ་འབྲས་གསར་པའི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན། དེ་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་ལ་ཡུན་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པ་ཞིག་རེད། ངས་སྙན་སྒྲོན་དེར་ཡི་རངས་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ལ་ལག་བསྟར་ཡང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། མིག་སྔར་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་དང་འདྲ་བར་བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ནི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཤིག་ཡིན་པ་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་བྱ་བ་བསྒྲུབས་ན། ང་ཚོའི་བྱ་གཞག་ལ་གྲུབ་འབྲས་ཐོབ་ངེས་ཡིན་ལ། འོད་སྟོང་འཕྲོ་བའི་རྒྱལ་ཁའང་གཅིག་མཇུག་གཉིས་མཐུད་ངང་ཐོབ་རྒྱུ་རེད། དེས་ན་ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་ཡོང་བར་སྣེ་ཁྲིད་བྱེད་པའི་ཕྱོགས་སྟོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ། ཤུགས་སྣོན་ཆད་མེད་རྒྱག་པ། སྙིང་རུས་གཏན་འཁྱོངས་བྱེད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         འཐུས་མི་ཨ་པོས་ངས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ། ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་འགན་ལེན་དུ་བྱེད་པ། སྲོག་ཤིང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་རྣམ་འགྱུར་བརྟན་པོའི་ཐོག་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
    འཐུས་མི་སྤེན་པ་བཀྲ་ཤིས་ཀྱིས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞིག་ཡིན་པའི་ངས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོར་བཙུགས་ཏེ་རང་ཉིད་ཀྱི་འགན་འཁྲི་དང་འོས་འགན་གང་ལེགས་བསྒྲུབས་ནས་ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་ཡོད་པ་དང་། སེམས་ནང་མི་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་གཅུན་འདོམས་ཡོད་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། འཐུས་མི་པད་མ་དབྱངས་ཅན་གྱིས་ང་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་ཤང་ནས་ཡོང་བའི་གཞི་རིམ་ལས་བྱེད་པ་ཞིག་ཡིན། ཕ་ཡུལ་དང་པེ་ཅིང་དབར་ས་ཐག་རྒྱང་རུང་ཡུལ་མི་ཚོའི་སེམས་པ་སྔ་བར་ཕྱི་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་ཡོད། མཐའ་མཚམས་ས་ཁུལ་གྱི་མོན་པ་རིགས་ཀྱི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཞིག་ཡིན་པའི་ངས་ངེས་པར་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་ཕ་ཡུལ་འཛུགས་སྐྲུན་ཡག་པོ་དང་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན། འཐུས་མི་ཐེན་ཧའེ་ཡུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་ཡོངས་བདེ་ཐང་མ་བྱུང་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་མེད”ཅེས་གསུངས་ཡོད། དེས་ན་སྨན་དོན་ལས་དོན་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས་མི་རིགས་ཁག་གི་མང་ཚོགས་དེ་བས་བདེ་ཐང་དང་བདེ་སྐྱིད་ཡོང་བ་བྱ་རྒྱུ་ནི་ང་ཚོའི་ལས་ཀའི་འགན་འཁྲི་ཞིག་ཡིན་ལ་བསམ་འདུན་ཆེ་ཤོས་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད། འཐུས་མི་བྱམས་པ་བཀྲ་ཤིས་ཀྱིས་ངས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དང་སྒུལ་ཤུགས་སུ་བྱས་ཏེ་ལྗང་མདོག་གི་འདུ་ཤེས་ལག་བསྟར་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་འགྲུབ་ཕྱིར་ས་གཤིས་རྩད་ཞིབ་པས་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         གསར་འགོད་པའི་དྲི་བར་ལན་སྐྱོན་པའི་དུས་མཚམས་སུ་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་གསར་འགོད་པ་6གིས་དྲི་བ་བཏོན་པ་རེད། འཐུས་མི་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། སྤེན་པ་བཀྲ་ཤིས། མཱ་ཧྲེང་ཁྲང་སོགས་ཀྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
         འཐུས་མི་བློ་བཟང་རྒྱལ་མཚན་གྱིས་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྐབས་སུ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གནང་བ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་མཚོན་གྱི་ཡོད་ལ་ང་ཚོར་དུས་བབ་གསར་པའི་འོག་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བའང་མཚོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་ཤུགས་ཆེན་བྱེད་པ། བོད་ལྗོངས་དང་ནང་སའི་དབར་གྱི་ཕྱོགས་གཉིས་ཀྱི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་བཏང་ཡོད། ད་ལྟའི་བོད་ལྗོངས་སུ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མིག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ་དང“མོས་སེམས་ལྔ”ཆེ་རུ་ཏན་ཏིག་གཏོང་གི་ཡོད། རླབས་ཆེན་མེས་རྒྱལ་དུ་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་དུ་འབད་འཐབ་བྱ་རྒྱུ་བྱུང་བ་དེ་ང་ཚོའི་གཟི་བརྗིད་དང་སྤོབས་པ་ཞིག་ཡིན། སླད་ཕྱིན་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དང་སྙན་སྒྲོན་ནང་བཏོན་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས་པ། མི་རིགས་ཁག་སེ་འབྲུ་བཞིན་མཉམ་དུ་འབྲེལ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་པ”ཞེས་པའི་བླང་བྱ་གཞིར་བཟུང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཁག་བློ་བརྟན་འགྱུར་མེད་ངང་ཡག་པོ་བསྒྲུབ་རྒྱུ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་རྒྱུ་ཡིན་ཞེས་གསུངས་པ་རེད།