འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཚོ་སྣ་རྫོང་མག་མག་མོན་པའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་
    གྲོང་ཚོར་བགྲེས་སོང་དེ་འདྲ་ཞིག་ཡོད་པ་སྟེ། ཁོང་གིས་ཚེ་གང་རིང་ཤིང་ཕོར་བཟོ་བའི་ལས་ཁོ་
    ནར་གཞོལ་བཞིན་ཡོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འོད་ཟེར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ལྗོངས་མཚོ་སྣ་རྫོང་མག་མག་མོན་པའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བགྲེས་སོང་འདི་འདྲ་ཞིག་ཡོད་པ་སྟེ། ཁོང་གིས་ཚེ་གང་རིང་ཤིང་ཕོར་བཟོ་བའི་ལས་ཁོ་ནར་གཞོལ་ཞིང་། ཤིང་ཕོར་བཟོ་རྩལ་ལས་བགྲེས་སོང་ཁོང་གི་འཚོ་བར་འགྱུར་ལྡོག་ཕྱིན་ཡོད་ལ། ས་གནས་དེ་གའི་གྲོང་མི་མང་དག་ཅིག་ཕྱུག་པོའི་ལམ་དུའང་འཁྲིད་ཡོད། བགྲེས་སོང་ཁོང་གིས་ངའི་འདུན་པ་ཆེ་ཤོས་ནི་བཟོ་བོའི་སྙིང་སྟོབས་ལ་བརྟེན་ནས་ཤིང་ཕོར་བཟོ་བའི་ལག་རྩལ་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་ཞེས་བརྗོད།
         དགུང་ལོ་60ལ་སླེབས་པའི་མོན་པ་རིགས་ཀྱི་བགྲེས་སོང་ཁོང་གི་མཚན་ལ་འབྲུག་རྒྱལ་ཞེས་ཟེར་ཞིང་། མག་མག་མོན་པའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་ལྟ་སྐོར་དང་ཡུལ་སྐོར་དུ་ཡོང་མཁན་ཚང་མས་བགྲེས་སོང་ཁོང་གི་ཇ་ཁང་དུ་ཇ་འཐུང་བར་ཡོང་བ་དང་ཆབས་ཅིག ཁོང་གིས་བཟོས་པའི་ཤིང་ཕོར་ལ་ལྟ་བར་ཡོང་བ་དང་འགྲུལ་པ་མང་དག་ཅིག་གིས་ཤིང་ཕོར་ཉོས་ནས་བེད་སྤྱོད་བྱེད་པའམ་ཡང་ན་སྒྲིག་གཤོམ་བྱེད་ཀྱི་ཡོད། སྐུ་མགྲོན་སླེབས་རིམ་བཞིན་ཁོང་གིས་མོན་ཆས་ལེགས་པར་སྤྲས་ནས་ཕེབས་བསུ་ཞུས་པ་མ་ཟད། སྤོབས་སེམས་ཆེན་པོས་མི་རྣམས་ལ་ཤིང་ཕོར་བཟོ་རྩལ་ངོ་སྤྲོད་ཀྱང་བྱེད་ཀྱི་ཡོད།
         ཇ་ཁང་ནང་བགྲེས་སོང་ཁོང་གིས་བཟོས་པའི་ཤིང་ཕོར་སྣ་ཚོགས་སྒྲིག་གཤོམ་བྱས་ཡོད། ཁོང་གིས་བཟོས་པའི་ཤིང་ཕོར་གྱི་རིགས་མི་འདྲ་བ་སྣ་ཚོགས་ཡོད་པ་སྟེ། ཆེ་ཆུང་སྒོ་ནས་དབྱེ་ན་ཇ་ཕོར་དང་། སྒོར་ཕོར། ཞིབ་ཟོ་སོགས་དང་། སྤྱོད་གོ་མི་འདྲ་བའི་སྒོ་ནས་དབྱེ་ན་ཇ་ཕོར་། ཆང་ཕོར། ཕྱེ་ཟོ་སོགས་སྣ་ཚོགས་ཡོད། ཤིང་ཕོར་ཚང་མའི་སྤུས་ཀ་དག་ལ་འོད་ཐིང་ངེར་ཡོད་པ་དེ་ལས་བགྲེས་སོང་ཁོང་གི་བྱང་ཆུབ་པའི་ལག་རྩལ་གཅིག་ཏུ་མངོན།
         བགྲེས་སོང་འབྲུག་རྒྱལ་བལྟས་པ་ཙམ་གྱིས་ལོ་མཉམ་ལས་ཅུང་རྒན་མདོག་ཁ་བ་ཡོད། ཆུང་དུས་ནས་ཤིང་ཕོར་བཟོ་རྩལ་སྦྱངས་པ་དང་ལོ་འཁོར་མོ་ལས་དེར་བརྩོན་པའི་རྐྱེན་གྱིས་བགྲེས་སོང་གི་ལག་གཉིས་ཀར་ཤ་རོ་མཐུག་པོ་ཞིག་ཆགས་ཡོད་ལ་རུས་ཚིགས་ཀྱང་མི་གཞན་ལས་ཆེ་བ་དང་མཁྲེགས་པ་ཡོད། བགྲེས་སོང་གིས་མོན་སྐད་བརྒྱབ་ནས་ང་ཚོར་ཤིང་ཕོར་བཟོ་རྩལ་ངོ་སྤྲོད་བྱས་བྱུང་། ང་ཚོས་སྐད་ཆ་ཚང་མ་མི་གོ་ནའང་བགྲེས་སོང་གིས་ཤིང་ཕོར་བཟོ་རྩལ་ལ་དགའ་ཞེན་ཚད་མེད་ཡོད་ལུགས་ཚོར་གྱི་འདུག
         “ཤིང་ཕོར་བཟོ་རྩལ་ལ་དང་དོད་ཆེན་པོ་ཡོད། མ་གཞི་ད་ཆ་འཕྲུལ་ཆས་ལ་བརྟེན་ནས་ཐོན་སྐྱེད་མང་པོ་བྱེད་ཀྱི་ཡོད་རུང་། བགྲེས་སོང་འབྲུག་རྒྱལ་གྱིས་སྔར་བཞིན་ལག་གཉིས་ལ་བརྟེན་པ་དང་བཟོ་བོའི་སྙིང་སྟོབས་ཐོག་ནས་ཤིང་ཕོར་རེ་རེ་བཞིན་བཟོ་གི་ཡོད”ཅེས་མཚོ་སྣ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འཆི་མེད་སྒྲོལ་དཀར་གྱིས་གསར་འགོད་པར་དེ་ལྟར་བཤད།
         ཤིང་ཕོར་བཟོ་བའི་བརྒྱུད་རིམ་ལ་རྒྱུ་ཆ་འདེམས་པ་དང་། ལྷགས་སྐམ་གཏོང་བ། དབྱིབས་རགས་ཙམ་བཟོ་བ། ངོས་འཇམ་པོ་བཟོ་བ། རྩི་གཏོང་བ་བཅས་ལྷུ་ཚིགས་ཁག་ལྔ་ཡོད་པ་དང་ལྷུ་ཚིགས་ཚང་མ་བགྲེས་སོང་རང་ཉིད་ཀྱིས་ལག་གཉིས་ལ་བརྟེན་ནས་ལེགས་སྒྲུབ་བྱེད་ཀྱི་ཡོད། ཁོང་གིས་བཟོས་པའི་ཤིང་ཕོར་འཇམ་པ་དང་། ལས་སླ་པོར་མི་གས་པ། དུག་གནོད་མེད་པ་བཅས་ཀྱི་དགེ་མཚན་ལྡན་པས་ཚང་མ་སྤུས་དག་ཡིན་ཞེས་བརྗོད་ཀྱི་ཡོད།
         བོད་དུ་ཤིང་ཕོར་སྤྱོད་རྒྱ་ཆེ་བས་ས་གནས་དེ་གའི་གྲོང་མི་མང་པོའི་ཤིང་ཕོར་བགྲེས་སོང་ཁོང་གིས་བཟོས་པ་ཤ་སྟག་ཡིན། བགྲེས་སོང་གིས་བཟོས་པའི་སྤྱིར་བཏང་ཤིང་ཕོར་གཅིག་ལ་སྒོར་བརྒྱ་ཉིས་བརྒྱ་ཡིན་པ་དང་ཤིང་ཕོར་སྤུས་དག་ལ་སྒོར་སྟོང་ཕྲག་དང་ཐ་ན་ཁྲི་ཡན་བྱས་པ་ཡང་ཡོད། དེ་དག་ཉར་ཚགས་བྱེད་མཁན་གྱིས་ཉོས་ཏེ་ས་ཕྱོགས་གང་སར་འཁྱེར་འགྲོ་གི་ཡོད། ལོ་མང་གི་ཤིང་ཕོར་བཟོ་རྩལ་ལས་བགྲེས་སོང་གི་འཚོ་བར་ཡང་འགྱུར་ལྡོག་ཕྱིན་ཡོད།
         མོན་པ་རིགས་ལ་སྐད་ཡོད་ཀྱང་ཡི་གེ་མེད་པར་བརྟེན་བགྲེས་སོང་གི་ཤིང་ཕོར་བཟོ་རྩལ་ཡིག་ཐོག་ལ་ཕབ་ནས་རྒྱུན་འཛིན་བྱེད་ཐབས་བྲལ། ད་ཆ་བགྲེས་སོང་གིས་སེམས་ཁྲལ་ཆེ་ཤོས་ནི་བཟོ་རྩལ་རྒྱུན་ཆད་ཉེན་ཡོད་པ་དེ་ཡིན། དེས་ན་བགྲེས་སོང་གི་མོན་པ་རིགས་ཀྱི་ཤང་བཞི་ནས་ཤིང་ཕོར་བཟོ་རྒྱུར་དགའ་བའི་མི་བཅུ་གྲངས་ཁ་ཤས་བཙལ་ནས་ཁོང་ཚོར་ཤིང་ཕོར་བཟོ་རྩལ་བསླབ། ལོ་མང་གསོ་སྦྱོང་བྱས་པ་བརྒྱུད། ད་ཆ་མི་འགའ་ཞིག་གིས་ཤིང་ཕོར་སྤྱིའི་ཆ་ནས་བཟོ་ཤེས་ཀྱི་ཡོད་པ་རེད། ཤིང་ཕོར་བཟོ་རྩལ་གྱིས་ཁོང་ཚོའི་འཚོ་བར་རིམ་གྱིས་འགྱུར་ལྡོག་བྱུང་ནས་མོན་པའི་ཡུལ་མི་སྤུན་ཟླ་ཚོ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།
         “ཤིང་ཕོར་བཟོ་རྩལ་ལ་སྲུང་སྐྱོང་བྱས་ནས་མི་རིགས་ལག་ཤེས་བཟོ་རྩལ་དེ་རྒྱུན་འཛིན་ཐུབ་པ་བྱེད་དགོས། མཚོ་སྣ་རྫོང་གིས་ཤིང་ཕོར་བཟོ་རྩལ་སློབ་གྲྭའི་སློབ་མར་ཤིང་ཕོར་བཟོ་སྟངས་བསླབ་པ་མ་ཟད། ད་དུང་སྤྱི་ཚོགས་ལ་རིན་མེད་གསོ་སྦྱོང་བྱས་ཏེ་གཞོན་ནུ་དེ་བས་མང་བས་མི་རིགས་ལག་ཤེས་བཟོ་རྩལ་དེར་ཤེས་རྟོགས་དང་དགའ་ཞེན་ཐུབ་པ་བྱས་ཡོད། ཤིང་ཕོར་བཟོ་རྩལ་རྒྱུན་འཛིན་བྱ་རྒྱུ་དེ་ནི་ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད”ཅེས་འཆི་མེད་སྒྲོལ་དཀར་གྱིས་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།