འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་མི་འབོར་གྱི་བཅུ་ཆ་གསུམ་ལ་འཐུང་ཆུ་གཙང་མ་དཀོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཉེ་ཆར་བཀྲམ་པའི་སྙན་ཞུ་གསར་ཤོས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོའི་མི་འབོར་གྱི་བཅུ་ཆ་གསུམ་ལ་འཐུང་ཆུ་གཙང་མ་དཀོན་པ་དང་མི་འབོར་ཕྱེད་ཀ་ལྷག་ལ་བདེ་འཇགས་དོ་དམ་ཐད་མི་སྒེར་གྱི་འཕྲོད་བསྟེན་སྒྲིག་ཆས་དཀོན་པ་བཅས་རེད།
         སྙན་ཞུའི་ནང་འཁོད་པ་ལྟར་ན། འཛམ་གླིང་གི་མི་དུང་ཕྱུར་21ཙམ་ལ་བློ་བདེ་ལ་ལེན་བདེ་བའི་འཐུང་ཆུ་ཐོབ་དཀའ་བ་དང་མི་དུང་ཕྱུར་45ལྷག་ལ་བདེ་འཇགས་དོ་དམ་ཐད་མི་སྒེར་གྱི་འཕྲོད་བསྟེན་སྒྲིག་བཀོད་དཀོན་པོ་ཡོད། གཞི་རྩའི་ཞབས་ཞུ་དེ་དག་མེད་པ་ནི་གྲོང་གསེབ་ཁུལ་ལ་ལྷག་པར་དུ་མངོན་གསལ་དོད་པོ་ཡོད་པ་རེད།
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཚན་ཉིད་ལ་གཞིགས་ན། བདེ་འཇགས་དོ་དམ་གྱི་འཐུང་ཆུ་ཞེས་པ་ནི་ཁྱིམ་དུ་སྦགས་བཙོག་མེད་པའི་འཐུང་ཆུ་ཡོད་པར་ཟེར་བ་དང་། མི་སྒེར་གྱི་འཕྲོད་བསྟེན་སྒྲིག་བཀོད་ཅེས་པ་ནི་བདེ་འཇགས་ངང་མི་སྒེར་གྱི་བཙོག་གཅིན་གཙང་སེལ་བྱེད་པའི་གསང་སྤྱོད་ལ་ཟེར། སྒྲིག་ཆས་དེ་དག་དང་འབྲེལ་བའི་གཞི་རྩའི་ཞབས་ཞུ་ཞེས་པ་ནི་སྐར་མ་30ཡི་ནང་བློས་འགེལ་ཆོག་པའི་འཐུང་ཆུ་ལེན་ཐུབ་པ་དང་། དུད་ཚང་གཞན་དང་མཉམ་དུ་གསང་སྤྱོད་མཉམ་དུ་བེད་སྤྱོད་གཏོང་མི་དགོས་པ། དེ་བཞིན་ཁྱིམ་དུ་འདག་ཆལ་དང་ཆུས་ལག་པ་བཀྲུ་ཐུབ་པ་བཅས་ལ་ཟེར་བ་རེད།
         སྙན་ཞུའི་ནང་འཁོད་དོན། 2000ལོ་ནས་བཟུང་གོ་ལ་ཧྲིལ་པོའི་མི་དུང་ཕྱུར་བཅུ་ལ་འཐུང་ཆུ་དང་མི་སྒེར་གྱི་འཕྲོད་བསྟེན་སྒྲིག་ཆས་སོགས་གཞི་རྩའི་ཞབས་ཞུ་ཐོབ་ནའང་། དེ་དག་གིས་མི་སྒེར་གྱི་བདེ་ཐང་འཕྲོད་བསྟེན་ངོས་ནས་བདེ་འཇགས་ཡིན་པ་འགན་ལེན་བྱེད་མི་ཐུབ། ཁྱིམ་ཚང་དང་། འཕྲོད་བསྟེན་འཕྲོད་སྦྱོར་སྒྲིག་གཞི། སློབ་གྲྭ་བཅས་མང་པོར་སྔར་བཞིན་ལག་པ་བཀྲུ་བའི་འདག་ཆལ་དང་ཆུ་མེད་ཅིང་། མི་ཧ་ཅང་མང་པོ་དང་ལྷག་དོན་དུ་བྱིས་པར་དེའི་རྐྱེན་གྱིས་འཁྲུ་བཤལ་དང་། སྐྱུག་བཤལ། རྒྱུ་གཟེར། མཆིན་ཚད་ཀ་པ། རྒྱུ་དུག་ཚད་རིམས་སོགས་ན་ཚ་མང་པོ་ཕོག་པའི་འཇིགས་པ་འཕྲད་ཡོད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐེ་ཝོ་ཏེ་ལུའོ་སིས“ཁྱིམ་ཚང་གི་བློ་བདེ་བའི་འཐུང་ཆུ་དང་། ཁོར་ཡུག་འཕྲོད་བསྟེན། མི་སྒེར་གྱི་འཕྲོད་བསྟེན་བཅས་ནི་ཕྱུག་པོའམ་ཡང་ན་གྲོང་ཁྱེར་གྱི་ལྟེ་བར་འཚོ་བ་སྐྱེལ་མཁན་གྱི་དམིགས་བསལ་ཁེ་དབང་ཙམ་ཞིག་ཡིན་མི་འོས། དེ་ནི་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་ཐད་ཀྱི་ཆེས་གཞི་རྩའི་བླང་བྱ་ཡིན་པས་རྒྱལ་ཁབ་ཚང་མར་མི་ཐམས་ཅད་ལ་འཐོབ་པ་བྱ་རྒྱུའི་འགན་འཁྲི་ཡོད”ཅེས་བརྗོད།
         སྙན་ཞུའི་ནང་དེ་དང་ཆབས་ཅིག་སྤྱིར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་ཚད་ནང་2030ལོར་སླེབས་སྐབས་གཞི་རྩའི་ཞབས་ཞུ་དེ་དག་དམངས་ཡོངས་ལ་ཁྱབ་པར་བྱ་རྒྱུའི་བླང་བྱ་བཏོན་ནའང་། རྒྱལ་ཁབ་ཁག་དང་། གོ་ལ་ཧྲིལ་པོའི་ས་ཁུལ་ཁག ཐ་ན་རྒྱལ་ཁབ་ཅིག་གི་ནང་ཁུལ་གྱི་ས་ཆ་མི་འདྲ་བར་འཐུང་ཆུ་གཙང་མ་དང་བདེ་འཇགས་འཕྲོད་བསྟེན་སྒྲིག་བཀོད་མཁོ་འདོན་བྱེད་པའི་ཐད་ཧེ་བག་སྔར་བཞིན་ཆེན་པོ་གནས་ཡོད་ཅེས་བསྟན་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རེན་ཨན་ཏུང་ཉི·ལའེ་ཁེས། བྱིས་པ་དང་སྡེ་ཁུལ་གྱི་བདེ་ཐང་ཐད་བློས་འགེལ་ཆོག་པའི་འཐུང་ཆུ་དང་འཕྲོད་བསྟེན་སྒྲིག་བཀོད་སོགས་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། ང་ཚོས་སྡེ་ཁུལ་སྐྱོ་ཤོས་དང་གནས་སྟངས་ཉམ་ཐག་ཡིན་པའི་བྱིས་པ་རྣམས་ཀྱི་ཆེད་དུ་ཞབས་ཞུ་དེ་དག་ལེགས་བཅོས་བྱས་ཏེ་སྔར་བས་དྲང་གཞག་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་གོ་སྐབས་ཤིག་ཁོ་ཚོར་བརྩོན་ལེན་བྱེད་ཀྱི་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།