འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མུ་མཐུད་ཀྲུང་གོ་དང་མཉམ་ལས་སྤེལ་རེས་རྒྱ་ཁྱབ་བྱ་རྒྱུའི་རེ་སྒུག་བྱེད་པ།

    —— ཨ་རིའི་སྨི་སུའུ་ལི་ཀྲོའུ་ཡི་ཀྲོའུ་ཀྲང་ཀེ་ལེ་ཐེང་སིར་བཅར་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཨ་རིའི་སྨི་སུའུ་ལི་ཀྲོའུ་ཡི་ཀྲོའུ་ཀྲང་ཨའེ་ལི་ཁེ·ལེ་ཐེང་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། སྨི་སུའུ་ལི་ཀྲོའུ་ཡིས་ཀྲུང་གོ་དང་ཕྱོགས་ཁག་ཐད་བཙུགས་པའི་འབྲེལ་བར་གཙིགས་ཆེན་བྱེད་པ་དང་ཀྲུང་གོ་དང་དཔལ་འབྱོར་མཉམ་ལས་བྱ་རྒྱུ་སྔར་བས་རྒྱ་ཆེར་བཏང་ནས་ཐོན་ལས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཀེ་ལེ་ཐེང་སིས་ཉེ་དུས་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་ཡིན་ཞིང་། ཀྲུང་གོར་འཚམས་འདྲི་བྱེད་རིང་ཁོང་གིས་པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་དུ་འཚམས་འདྲི་བྱ་རྒྱུ་དང་འབྲེལ་ཚོང་ལས་གླེང་སྟེགས་ནང་ཞུགས་ཏེ་ཀྲུང་གོ་སྲིད་གཞུང་གི་དཔོན་རིགས་དང་། ཁེ་ལས་ཀྱི་གཙོ་འཛིན། སློབ་གསོའི་ལས་རིགས་མི་སྣ་བཅས་དང་སྤེལ་རེས་བྱ་རྒྱུ་རེད། ཀེ་ལེ་ཐེང་སི་ཀྲུང་གོར་མ་སྐྱོད་གོང་ཤིན་ཧྭ་གསར་འགྱུར་ཁང་གི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོར་འཚམས་འདྲི་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་སྨི་སུའུ་ལི་དང་ཀྲུང་གོའི་ཚོང་དོན་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དེ་ཡིན། འདི་ལོ་ཁོང་གིས་ཀྲོའུ་ཀྲང་གི་འགན་བཞེས་རྗེས་ཚོང་དོན་སྐུ་ཚབ་ཚོགས་པ་སྣེ་ཁྲིད་དེ་འཚམས་འདྲི་བྱེད་ཐེངས་དང་པོ་དེ་ཡིན། འཚམས་འདྲི་བྱ་ཡུལ་དང་པོ་དེ་ཀྲུང་གོ་བདམས་དོན་ནི། ཀྲུང་གོ་ནི་སྨི་སུའུ་ལིའི་ཧ་ཅང་གལ་འགངས་ཆེ་བའི་དཔལ་འབྱོར་ཚོང་དོན་གྱི་རོགས་ཟླ་ཞིག་ཡིན་པས་ཡིན་ཞེས་བརྗོད་བྱུང་།
         ཀྲུང་གོ་ནི་སྨི་སུའུ་ལི་ཀྲོའུ་ཡི་ཚོང་དོན་རོགས་ཟླ་ཆེ་གྲས་གསུམ་པ་དང་ཕྱིར་གཏོང་ཁྲོམ་ར་ཆེ་གྲས་གསུམ་པ་ཡིན་ཞིང་། ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ལྷན་གྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་2016ལོར་སྨི་སུའུ་ལིར་ཀྲུང་གོའི་དངོས་ཟོག་ཕྱིར་གཏོང་གྲངས་འབོར་ཨ་སྒོར་དུང་ཕྱུར་18ཟིན་པ་དེ་2006ལོ་ལས་76%འཕར་ཡོད། འོན་ཀྱང་སྨི་སུའུ་ལིས་དུས་མཚུངས་སུ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་གཞན་ནས་དངོས་ཟོག་ནང་འདྲེན་བྱེད་ཚད་9%ལས་ཟིན་མེད་པ་མངོན་ཡོད། སྙན་ཞུའི་ནང་2015ལོར་སྨི་སུའུ་ལིས་ཀྲུང་གོའི་དངོས་ཟོག་ནང་འདྲེན་བྱས་པ་དེས་ཨ་རིར་ལས་ཞུགས་གོ་སྐབས་ཁྲི་1.72བཏོད་ཡོད་ཅེས་བརྗོད་ཡོད།
         ཀེ་ལེ་ཐེང་སིས“ང་ཚོས་ཀྲུང་གོའི་ཁེ་ལས་དང་། མ་རྩ་འཇོག་མཁན། གསར་གཏོད་པ་བཅས་ཀྱིས་སྨི་སུའུ་ལི་དེ་ཨ་རིར་ཡོད་པའི་ཁོང་ཚོའི་ཁྱིམ་དུ་འགྱུར་རྒྱུའི་རེ་བ་ཡོད”ཅེས་བཤད། ཁོང་གིས་སྨི་སུའུ་ལིས་བཟོ་སྐྲུན་ལས་རིགས་དང་། བདེ་ཐང་ཚན་རིག་དང་ཞབས་ཞུ། འགྲིམ་འགྲུལ་ཟོག་འགྲེམས། ནུས་རྒྱུ། རླངས་འཁོར། དངུལ་རྩའི་ཞབས་ཞུ། སྐྱེ་དངོས་ལག་རྩལ་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད། སྨི་སུའུ་ལི་དང་ཀྲུང་གོས་ཁྱབ་ཁོངས་དེ་དག་ནང་འབྲེལ་མཐུད་བྱས་ཏེ་ཐུན་མོང་ཐོག་མ་འཇོག་དང་ཐུན་མོང་ཐོག་སྟོབས་ཆེར་འགྲོ་བ་བྱ་རྒྱུ་ཡིན་ཞེས་བརྗོད་བྱུང་།
         ལོ་མང་རིང་སྨི་སུའུ་ལི་ཚུད་པའི་ཨ་རིའི་དབུས་ནུབ་རྒྱུད་ཀྱི་ཀྲོའུ་ཁག་གིས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་ཐད་འབྲེལ་བ་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་འབྲེལ་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད། ཀྲེ་ཅ་ཀོར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་གྲངས་གཞི་ལས་མངོན་པར། 2000ལོ་ནས་2016ལོ་བར་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིའི་དབུས་ནུབ་རྒྱུད་ཀྱི་ཀྲོའུ་དགུ་ལ་ཁྱོན་ཨ་སྒོར་དུང་ཕྱུར་150བཏང་བའི་ནང་ནས་སྨི་སུའུ་ལི་ཀྲོའུ་རུ་ཨ་སྒོར་དུང་ཕྱུར་11བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།