འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལ་རོགས་སྐྱོར་བྱེད་སྟངས་བསྒྱུར་བས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་
    གསོན་ཤུགས་འཕེལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དེ་སྔོན་ཆུ་འབྲས་དང་མ་རྨོས་ལོ་ཏོག་བཏབ་པར་བརྟེན། བོད་ལྗོངས་མེ་ཏོག་རྫོང་མེ་ཏོག་ཤང་གི་གྲོང་མི་ཀུན་བཟང་སྒྲོལ་མར་ལོ་ལྟར་མུའུ་རེ་ནས་སྒོར་སྟོང་ལྷག་གི་ཡོང་འབབ་ཡོང་གི་ཡོད། འོན་ཀྱང་ཇ་ལོ་བཏབ་རྗེས་ཁོང་ལ་སྒོར་བཞི་སྟོང་གི་ཡོང་འབབ་བྱུང་ཞིང་། ད་ཆ་ཇ་ལོའི་ཡོང་འབབ་ཡག་པོ་ཡོད་པ་ཤེས་རྗེས། ཀུན་བཟང་སྒྲོལ་མ་དང་འདྲ་བའི་ཇ་ལོ་འདེབས་མཁན་གྲོང་མི་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
          ཇ་ལོ་འདེབས་པ་ནི་མེ་ཏོག་རྫོང་གི་བོད་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་ཆ་ཤས་ཤིག་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། མེ་ཏོག་རྫོང་གི་ད་ཡོད་ཀྱི་འཆར་གཞིའི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.6ཁྲོད་ཐོན་ལས་རྣམ་གྲངས་མ་དངུལ་གྱིས་60%ལྷག་བཟུང་ཡོད། བོད་སྐྱོར་རྣམ་གྲངས་སྐྲུན་སྐབས་རྨང་གཞིའི་འཛུགས་སྐྲུན་ལ་ཕྱོགས་པ་ནས་ཐོན་ལས་འཕེལ་རྒྱས་གཏོང་བར་སྒྱུར་འགོ་ཚུགས་པ་དང་བོད་སྐྱོར་བྱེད་ཐབས“གཞན་བརྟེན”དབུལ་སྐྱོར་ནས“རང་བརྟེན”དབུལ་སྒྲོལ་བར་སྒྱུར་འགོ་ཚུགས་པ་རེད།
          མེ་ཏོག་རྫོང་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ རྫོང་ཞིག་ཡིན་པ་དང་། བོད་ལྗོངས་ཀྱི་ཤར་ལྷོའི་མཚམས་སུ་གནས། ཡར་ཀླུང་གཙང་པོའི་སྨད་རྒྱུད་དང་ཧི་མ་ལ་ཡའི་ཤར་ཕྱོགས། གངས་རི་དཀར་པོའི་རི་རྒྱུད་ཀྱི་ལྷོ་ངོས་བཅས་སུ་གནས་པས་ས་རྒྱུ་གཤིན་ལ་ཆར་ཆུ་འབེལ་པོ་ཡོད། ལོ་ལྔའི་གོང་རྫོང་དུ་ཇ་འདེབས་སྟངས་ཁྱབ་གདལ་གཏོང་སྐབས་ཞིང་པ་མང་པོས་ཇ་བཏབ་ན་ཡོང་འབབ་ཇི་ཙམ་གསོག་ཐུབ་མིན་ལ་གདེང་ཚོད་མེད་པས་ཚོད་ལྟ་བྱེད་ཕོད་མཁན་ཉུང་།
         2012ལོ་ནས་བཟུང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོས་སྤྱན་གཟིགས་ཇ་ནག་མུའུ་90ཚོད་འདེབས་བྱས་ནས་ལོ་ཁ་ཤས་རིང་སྐྱེད་སྲིང་བྱས་པ་བརྒྱུད་མེ་ཏོག་རྫོང་གིས་རི་མཐོའི་སྐྱེ་ལྡན་ཇ་འདེབས་ར་བ་19བསྐྲུན་ཐུབ་པས། སྤྱན་གཟིགས་ཇ་ནག་དང་པའེ་ཧའོ་ཇ་སོགས་གཙོ་བོར་འདེབས་ཀྱི་ཡོད།
         “ཐོན་ལས་ཀྱི་འདེགས་སྐྱོར་མེད་པའི་དབུལ་སྒྲོལ་ནི་གྲངས་ཀའི་དབུལ་སྒྲོལ་ཙམ་རེད”ཅེས་མེ་ཏོག་རྫོང་ཨུད་ཀྱི་འགན་འཁུར་བས་བརྗོད་ཅིང་། ཁོང་གིས་ང་ཚོས་ཐོན་ལས་འཕེལ་རྒྱས་ཉིད་བོད་སྐྱོར་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་ཀྱི་ཡོད། ཐོག་མར་བོད་སྐྱོར་བྱེད་སྐབས་གཞི་རིམ་སྒྲིག་བཀོད་འཛུགས་སྐྲུན་ཐད་གཙོ་བོར་ཤུགས་རྒྱག་གི་ཡོད་ནའང་། ད་ཆ་མི་སེར་ལ་དཔལ་འབྱོར་གྱི་ཡོང་སྒོ་བརྟན་པོ་ཡོང་བའི་ཐད་ཤུགས་རྒྱག་གི་ཡོད་ཅེས་བཤད།
         གཙོ་ཆེའི་རྣམ་གྲངས་དང་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་དབར་གྱི་འབྲེལ་བའི་ཐད། ད་ལོའི་ཁ་གཏད་བོད་སྐྱོར་ཟབ་གཏོང་གི་དབུལ་སྐྱོར་ལས་དོན་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་སྒོར་དུང་ཕྱུར་3305ཡི་རྣམ་གྲངས་ལ་མ་དངུལ་གཏོང་རྒྱུའི་གཏན་འཁེལ་བྱས་ནས་ས་ཁུལ་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གྱི་རྨང་གཞི་ལེགས་སུ་བཏང་ཡོད་ཅེས་བསྟན་ཡོད།
         བོད་རང་སྐྱོང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་མ་དངུལ་རྣམ་གྲངས་ཀྱི་80%དེ་གཞི་རིམ་དུ་ཕྱོགས་པ་དང་། མང་ཚོགས་དབུལ་པོར་ཕྱོགས་པ། ཤིན་ཏུ་དབུལ་པོའི་ས་ཁུལ་ལ་ཕྱོགས་པ། ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་ཐད་ཕྱོགས་པ་བཅས་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་བྱ་གཞག་དང་ཤེས་ལྡན་པ་གསོ་སྐྱོང་ལ་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།
         “ལོ་ཤས་ནང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཚན་པ་བཅས་ཀྱིས་ཐོན་ལས་བོད་སྐྱོར་དང་། ལས་ཞུགས་བོད་སྐྱོར། རྩལ་ནུས་བོད་སྐྱོར་སོགས་ཀྱི་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད”ཅེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་འགན་འཁུར་བས་བརྗོད་ཅིང་། ཁོང་གིས་དཔེར་ན་དམིགས་ས་ཡོད་པའི་ངང་དམའ་རིམ་དང་མཐོ་རིམ་སློབ་འབྲིང་ཐོན་མཁན་སློབ་མ་གསོ་སྐྱོང་བྱས་ཏེ་ཁོང་ཚོར་ཡོང་སྒོ་བརྟན་པའི་ལས་ཞུགས་རྩལ་ནུས་ལྡན་པར་བྱས་ཡོད་ཅེས་བཤད།
         ཀུན་བཟང་སྒྲོལ་མས“ཧ་ཅང་ཤེས་སླ་པོ་འདུག”ཐོག་མར་མི་སེར་རྣམས་ཀྱིས་ཇ་འདེབས་མི་ཤེས་པས་ཇ་ཤིང་བཙུགས་ནས་གང་འཚམ་སོང་རྗེས་ཡོ་འགྲོ་ཡི་ཡོད། ན་ནིང་རྫོང་གི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་གྲོང་ཚོར་སླེབས་རྗེས་ང་ཚོར་ཇ་ལོ་འཐོག་སྟངས་དང་། ཡལ་ག་གཅོད་སྟངས། གནོད་འབུ་འགོག་སྟངས་བསླབས་ཁར་ཇ་ཤིང་འཛུགས་སྐབས་ས་ཇི་ལྟར་འགེབས་པའི་ཐད་ལའང་མཛུབ་ཁྲིད་ཀྱང་བྱས་བྱུང་ཞེས་བཤད།
         “མ་རྨོས་ལོ་ཏོག་འདེབས་སྐབས་ལས་ཀ་ཧ་ཅང་མང་པོ་ཡོད”འོན་ཀྱང་ཇ་ལོ་བཏབ་པའི་རྗེས་ཀུན་བཟང་སྒྲོལ་མ་ཞིང་ནང་དུ་མང་པོ་འགྲོ་དགོས་ཀྱི་མེད། ཁོམ་པ་བྱུང་སྐབས་ཀུན་བཟང་སྒྲོལ་མས་གྲོང་ཚོའི་ནང་དུ་ཚོང་ཁང་འཛུགས་ཀྱི་ཡོད། “གྲོང་ཚོའི་ནང་ཚོང་ཁང་ཉུང་། ད་ཆར་ཁོམ་པ་ཡོད་པས་ཚོང་ཟོག་དྲངས་ནས་བཙོངས་ན། ཁྱིམ་ལ་ཡོང་འབབ་ཕྲན་ཙམ་གསོག་ཐུབ་རྒྱུ་རེད”ཅེས་ཁོང་གིས་བཤད།
         ཤེས་རྟོགས་བྱུང་བ་ལྟར་ན། ཀུན་བཟང་སྒྲོལ་མ་གནས་ཡུལ་མེ་ཏོག་གྲོང་ཚོར་དུད་ཚང་180ཡོད་པ་དང་། ཇ་འདེབས་མཁན་དུད་ཚང་100ལྷག་ཡོད་ཅིང་། མི་མི་ཉུང་བས་ཁེ་བཟང་རག་རྗེས་ལོ་རྗེས་མར་ཇ་ཤིང་མུའུ་མང་ཙམ་འདེབས་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།