འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྣོད་བཅུད་འབྲོག་ལས་ལ་བརྟེན་ནས་རྩྭ་ཕྱུགས་ཀྱི་འགལ་བ་བསལ་བས་རྩྭ་ཆུ་
    བཟང་དུ་དང་འབབ་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “2010ལོར་ང་ཚོའི་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2512ལས་ཟིན་གྱི་མེད་སྟབས་དཔེ་མཚོན་གྱི་གྲོང་ཚོ་དབུལ་པོ་ཞིག་རེད། ན་ནིང་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་12000ལྷག་ཙམ་ཟིན་པས་དུད་ཚང་དབུལ་པོའི་དབུལ་ཞྭ་རྦད་དེ་ཕུད་ཡོད”ཅེས་ཨོ་རྡོས་འཛུམ་དམུལ་དམུལ་ངང་ལོ་ཤས་རིང་གི་གྲོང་ཚོའི་འཕོ་འགྱུར་སྐོར་བཤད།
         ཨོ་རྡོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་ཉིན་ཤུག་ཤང་ལྷ་དཀར་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཡིན་ཞིང་། ཁོང་གིས་ལྷ་དཀར་གྲོང་ཚོར་འཕོ་འགྱུར་ཆེན་པོ་འདི་ལྟ་བུ་འབྱུང་དོན་ནི་སྣོད་བཅུད་འབྲོག་ལས་ཀྱི་འཕེལ་རྒྱས་ལམ་བུ་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
          འབྲོག་དུད་167ཡོད་པའི་ལྷ་དཀར་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་རྩྭ་ཕྱུགས་དོ་སྙོམས་མེད་པ་སོགས་རྐྱེན་གྱིས་འབབ་འཕར་དཀའ་བ་དང་དབུལ་སྒྲོལ་དཀའ་བའི་གནད་དོན་གྲོང་ཚོ་དེར་ཧ་ཅང་མངོན་གསལ་དོད་པོ་ཡོད། 2011ལོའི་ལོ་མཇུག་ཏུ་སྲིད་གཞུང་སྡེ་ཚན་གྱི་སྣེ་ཁྲིད་དང་རོགས་རམ་འོག་རྩྭ་ཐང་དང་སྒོ་ཕྱུགས་དངུལ་ལ་ཕབ་སྟེ་མ་རྐང་འཇོག་པའི་རྣམ་པའི་ཐོག་ནས་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་བཙུགས་ནས་ལེགས་བསྡུས་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་འགོ་ཚུགས།
         “2016ལོར་སླེབས་སྐབས་གྲོང་ཚོ་ཧྲིལ་པོའི་འབྲོག་དུད་162མཉམ་ལས་ཁང་ནང་ཞུགས་པ་རེད། དབྱར་དུས་རྩྭ་ཁ་རེས་སྐོར་དང་དགུན་དུས་ལྟོ་སྣོན་སྟེར་བའི་ནུས་ཆེའི་གསོ་ཚགས་བྱས་པས་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་900ལྷག་ཙམ་བྱུང་ཡོད”ཨོ་རྡོས་དེ་དང་བསྟུན་ནས་གྲོང་ཚོ་ཡོངས་ཀྱི་སྒོ་ཕྱུགས་ཕྱེད་ཀ་ཙམ་ཉུང་དུ་བཏང་ཡོད་ཅེས་བཤད།
        མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་གིས་མཁོ་འདོན་བྱས་པའི་རྩྭ་ཐང་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་དོན། ཉེ་བའི་ལོ་ལྔའི་རིང་ལྷ་དཀར་གྲོང་ཚོའི་རྩྭ་ཐང་ནས་རྩྭ་ཐོན་ཚད་10.5%མཐོ་རུ་ཕྱིན་པ་དང་སྔོ་ཁེབས་ཁྱབ་ཚད་60%ནས་80%བར་མཐོ་རུ་ཕྱིན་ཡོད།
         ལྷ་དཀར་གྲོང་ཚོའི་འགྱུར་ལྡོག་ནི་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་རྒྱུར་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད། མཚོ་སྔོན་ཞིང་ཆེན་དུ་རྩྭ་ཐང་མུའུ་དུང་ཕྱུར་4.74ཡོད་པ་དང་དེ་དག་མང་ཆེ་བ་གཙང་གསུམ་ཆུ་འགོའི་ཁུལ་དང་མཚོ་སྔོན་པོའི་མཐའ་འཁོར་དུ་གནས་ཡོད། དེ་དག་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཡིན་རུང་འདི་གའི་རྩྭ་ཐང་ཞན་འགྱུར་དང་བྱེ་འགྱུར་གྱི་སྣང་ཚུལ་ཧ་ཅང་མངོན་གསལ་དོད་ལ་རྩྭ་ཕྱུགས་དོ་སྙོམས་མེད་པའི་གནས་ཚུལ་ཡང་ཧ་ཅང་མངོན་གསལ་དོད་པོ་ཡོད།
         ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བའི་རྩྭ་ཕྱུགས་ཀྱི་འགལ་བ་སེལ་བ་དང་རྩྭ་ཐང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་མཚོ་སྔོན་ཞིང་ཆེན་གྱིས་2008ལོ་ནས་བཟུང་རྩྭ་ཐང་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་བཏོན་ཏེ་སྲོལ་རྒྱུན་གྱི་རགས་ལས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་དེ་ཉིད་རྩྭ་འདེབས་ཕྱུགས་གསོ་དང་མཉམ་ལས་ཁང་གིས་ཐོན་སྐྱེད་གཉེར་སྐྱོང་སོགས་ཀྱི་སྣོད་བཅུད་འབྲོག་ལས་རྣམ་པར་རིམ་བཞིན་གྱུར་ཡོད།
         “‘རྩྭ་ཕྱུགས་དོ་སྙོམས’སྲོག་ཤིང་དུ་བྱས་པའི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་སུ་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་961བཙུགས་པ་དང་མཉམ་ལས་ཁང་ནང་ཞུགས་པའི་འབྲོག་དུད་ཁྲི་11ཙམ་ཟིན་གྱི་ཡོད” མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་འབྲོག་ལས་ལག་རྩལ་མཁས་ཅན་འབྲོག་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧུའེ་ལིན་གྱིས་སྔོན་ཆད་ཁྱིམ་དུད་ཀྱི་ཁ་ཐོར་གཉེར་སྐྱོང་བྱེད་པའི་སྲོལ་རྒྱུན་ཐོན་སྐྱེད་བྱེད་སྟངས་ནས་མཉམ་ལས་ཁང་གཙོ་བོར་བྱས་པའི་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ལ་འགྱུར་ལྡོག་བཏང་བས་འབྲོག་ལས་ཀྱི་ཐོན་སྐྱེད་འབྲེལ་བ་ལེགས་སུ་ཕྱིན་ནས“སྒོ་ཕྱུགས་ཉུང་དུ་བཏང་ཡང་ཕན་འབྲས་མི་ཆག་པ་དང་སྒོ་ཕྱུགས་ཉུང་དུ་བཏང་ཡང་འབབ་འཕར་མི་ཆག་པ”མངོན་འགྱུར་ཐུབ་ཡོད་ཅེས་བཤད།
         བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་དོན། 2016ལོར་མཚོ་སྔོན་གྱི་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་8664ཟིན་པ་དེ་2010ལོ་ལས་ལྡབ་གཅིག་འཕར་ཡོད། ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་དོན། 2010ལོ་དང་བསྡུར་ན་མཚོ་སྔོན་རྩྭ་ཐང་དུ་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆའི་གྲངས་3.41མཐོ་རུ་ཕྱིན་པ་དང་། ཆ་སྙོམས་མུའུ་རེ་ནས་རྩྭ་ཐོན་ཚད་སྤྱི་རྒྱ་11མཐོ་རུ་ཕྱིན་པ། སྒོ་ཕྱུགས་གཤོང་ཚད་ལས་བརྒལ་ཚད་32.05%ཆག་པ། ཨ་བྲས་གནོད་འཚེ་བཏང་བའི་རྒྱ་ཁྱོན་67%བར་ཆག་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།