འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གིས་སྣོད་བཅུད་སྔོན་ལ་འཕེལ་རྒྱས་བཏང་བས་ཕན་འབྲས་བཟང་པོ་ཐོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་15ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཁོར་ཡུག་སྲུང་སྐྱོང་པུས་ཟླ་བརྒྱད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་74ཡི་མཁའ་རླུང་སྤུས་ཚད་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་ཟླ་བ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ལེགས་ཚད་100%ཡི་གྲུབ་འབྲས་ཐོག་ནས་རྒྱལ་ཡོངས་ཀྱི་ཨང་བཅུ་པའི་གྲས་སུ་སླེབས་པ་དང“ཟི་ལིང་གི་གནམ་སྔོན་པོ”ཉིད་གྲོང་ཁྱེར་གྱི་བཀྲག་མདངས་ཆེ་བའི་མིང་བྱང་ལྟ་བུར་གྱུར་ཡོད།
          མཚོ་སྔོན་ལ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་ཐོབ་ཡོད་མོད། འོན་ཀྱང་ཟི་ལིང་གྲོང་ཁྱེར་ལ་ཆུ་ཧ་ཅང་གི་དཀོན་པ་སྟེ་ལོར་རླངས་པར་འགྱུར་ཚད་དེ་ཆར་པ་འབབ་ཚད་ཀྱི་ལྡབ་5ཙམ་ཡིན། འདས་ཟིན་པའི་དུས་ཡུན་རིང་པོ་ཞིག་ནང་སྔོ་ཁེབས་ཉུང་བ་དང་བྱེ་རྡུལ་གྱིས་ཁེངས་ནས་སྣོད་བཅུད་ཁོར་ཡུག་གི་ཚོར་སྐྱེན་ཉམས་ཞན་དང་དཔལ་འབྱོར་དར་རྒྱས་འགྲོ་འགོར་བས་སླད་ཕྱིན་ཟི་ལིང་གིས་ལམ་བུ་གང་ཞིག་གི་ཐོག་བསྐྱོད་དགོས་སམ།
         ཟི་ལིང་གྲོང་ཁྱེར་གྱིས་སྔ་སྡུག་ཕྱི་བསམ་བྱས་ནས་བྱེད་ཐབས་གསར་པ་ཞིག་བཏོན་པ་སྟེ། 《ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཀྱི་གྲོང་ཁྱེར་བསྐྲུན་པའི་ལག་བསྟར་བསམ་འཆར་》བཏོན་ཏེ“ས་མཐོའི་ལྗང་མདོག”དང་། “ཟི་ལིང་གི་གནམ་སྔོན་པོ” “ཆུ་དྭངས་མོ” ལྗང་མདོག་ཐོན་ལས། བཅོས་སྐྱོང་ནུས་པ། ལྗང་མདོག་གི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་འཛུགས་སྐྲུན་བྱ་སྤྱོད་ཆེན་པོ་དྲུག་ལག་ལེན་བསྟར་ནས་ས་མཐོའི་ལྗང་མདོག་འཕེལ་རྒྱས་ཀྱི་གྲོང་ཁྱེར་ཞིག་ཧུར་ཐག་སྐྲུན་བཞིན་ཡོད།
         ལྗང་མདོག་འཕེལ་རྒྱས་ལེགས་པར་བཏང་། སྦགས་བཙོག་བཅོས་སྒྲིག་ལྡོག་སྐུལ་བྱས། ཙོང་ཆུའི་ངོགས་ཀྱི་ཉི་གཏད་ཆུ་ཤུགས་གློག་ཁང་ད་ཆ་འགྲེམས་སྟོན་ཁང་དུ་གྱུར་བ་དང་གཞུང་ལས་ཁང་ཙོང་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་བཀོད་འདོམས་པུའུ་རུ་གྱུར་ནས་ཙོང་ཆུའི་ཆུ་རྒྱུད་དུ་གློག་ཁང་འཛུགས་རྒྱུའི་ཆོག་མཆན་མ་སྤྲད་པར་གཙང་པོ་སླར་གསོ་བྱས་ཡོད། ཟི་ལིང་གིས་སྔ་རྗེས་སུ་ཙོང་ཆུའི་ལམ་རྒྱུད་ཀྱི་ཁྲིམས་འགལ་བྱེ་རྡོ་ར་བ་211ལས་མཚམས་བཞག་པ་དང་། བཙོག་ཆུ་གཙང་གསིང་བྱ་ཡུལ་668བཅོས་སྒྲིག་བྱས་པ། མ་དངུལ་སྒོར་དུང་ཕྱུར་20བཏང་ནས་གྲོང་ཁུལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་ཆུ་སླར་སྐྱེད་བཟོ་གྲྭ་8སོགས་བསྐྲུན་པས་ཙོང་ཆུའི་ངོགས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་སླར་ཡང་མངོན་ཡོད།
         འདི་ལོ་ཚུན་དུ། ཟི་ལིང་གིས་སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་པ་888མེད་པ་བཟོས་པ་དང་། གཏེར་རིའི་ཁེ་ལས་ཀྱི་གཏེར་འདོན་ཆོག་འཐུས་ལག་ཁྱེར་36ཐོ་ཁོངས་ནས་བསུབས་པ་དང་ཕྱིར་འཐེན་བྱས་པ། ངར་ལྕགས་དང་ཨར་འདམ་སོགས་གཙོ་གནད་ལས་རིགས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། ཁོར་ཡུག་ཁྲིམས་འཛིན་དང་གྱོད་ཐོ་འགོད་པའི་ཆད་པ་གཅོད་ཤུགས་ཆེ་རུ་བཏང་བ། ཁེ་ལས་27ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་སོགས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱེད་པར་སྙིང་རུས་གཏན་འཁྱོངས་བྱས་པས་མི་རྣམས་ལ་སྤོབས་པ་སྐྱེ་འོས་པའི“ཟི་ལིང་གི་གནམ་སྔོན་པོ”ཞིག་མིག་མདུན་དུ་མངོན་ཡོད།
         ལྗང་མདོག་འཕེལ་རྒྱས་ལེགས་པར་བཏང་། སྒྱུར་བཅོས་གསར་གཏོད་ལས་ཕན་པ་ཐོབ། “ང་ཚོའི་ཁྱིམ་གྱིས་མུའུ་2090ཡི་སར་རིགས་ཁག་གི་སྡོང་ཕྲུག་རྐང་ཁྲི་200ཙམ་བཏབ་པ་ཡིན”ཞེས་ཟི་ལིང་གློག་གཏོང་ཀུང་སིའི་བྱང་རིའི་ཏ་ཏུན་ལིང་སྔོ་གྱུར་འགན་གཙང་ཁུལ་གྱི་འགན་འཁུར་བ་མ་ནའེ་ཀན་གྱིས་སྤོབས་པ་ཆེན་པོས་བཤད། ཟི་ལིང་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་རི་སྔོ་གྱུར་བྱེད་སྐབས་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་དང་མི་སྒེར་གྱིས་ཁུལ་དབྱེ་ནས་འགན་གཙང་ལེན་རྒྱུར་ལྕག་སྐུལ་བྱས་ཏེ་ནགས་དབང་ལག་ཁྱེར་སྤྲད་པ་དང་། ས་ཞིང་སྤྱོད་དབང་དང་ནགས་དབང་ཁ་གསལ་བཟོས་པ། “སུས་འདེབས་ཚེ་དེར་དབང་བའི”ལྕག་སྐུལ་སྲིད་ཇུས་ལ་བརྟེན་ཏེ་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་སྤྱི་འདོམས་བྱས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།