འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བྱམས་པ་བཀྲ་ཤིས་ཀྱིས་མེས་རྒྱལ་གྱི་ཆེད་དུ་ས་གཤིས་གཏེར་
    རྫས་འཚོལ་ཞིབ་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་པ། 

    འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཡོན་ཆོན་གྱིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 20:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          བོད་ལྗོངས་ས་གཤིས་བརྟག་ཞིབ་ཅུས་ཀྱི་ས་གཤིས་རུ་ཆེན་དྲུག་པའི་ལས་གྲྭ་བརྟག་ཞིབ་པུའི་ཅིང་ལི་གཞོན་པ་གསོར་འབིགས་རྩད་ཞིབ་ཀྱི་མཐོ་རིམ་ལག་རྩལ་པ་བྱམས་པ་བཀྲ་ཤིས་ཀྱིས་གསོར་འབིགས་རྩད་ཞིབ་སྒྲིག་ཆས་ལ་བདག་སྐྱོང་བྱེད་བཞིན་པ།
         ལོ་26གི་རིང་གོང་རིམ་གྱིས་བཀོད་སྒྲིག་བྱས་པའི་ལས་འགན་ཁོང་གིས་ཁས་མི་ལེན་པ་གཅིག་ཀྱང་མེད་པ་དང་། ལོ་26རིང་བོད་བྱང་ཐང་ས་མཐོ་ནས་བོད་ཤར་རྒྱུད་ཀྱི་རི་གཟར་གྲོག་རོང་བར་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་གྱི་ས་ཁུལ་དུ་ཁོང་གིས་རིམ་རྩིས་གཏིང་ཚད་སྨི་ཁྲི་5ལྷག་ཙམ་ཟིན་པའི་གཏེར་རྫས་འཚོལ་ཞིབ་བྱས་ཡོད། ཁོང་ནི་བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྤེལ་ཅུས་ས་གཤིས་རུ་ཆེན་དྲུག་པའི་ལས་ཡུལ་རྩད་ཞིབ་པུའི་ཅིང་ལི་གཞོན་པ་བྱམས་པ་བཀྲ་ཤིས་རེད།
         “ས་མཐོར་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཀྱང་ས་གཤིས་རྩད་ཞིབ་འཐབ་ཕྱོགས་དང་པོར་མེས་རྒྱལ་གྱི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་བྱུང་བས་བདེ་སྐྱིད་ཚོར་སེམས་དང་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”ཅེས་གཟུགས་པོའི་རིང་ཚད་སྨི་1.8ཟིན་པའི་ཁམས་པའི་ཕོ་རྒོད་དེས་འཛུམ་དམུལ་དམུལ་ངང་བརྗོད་ཀྱི་འདུག
          1991ལོའི་ཟླ་7པར་ལས་ཀར་ཞུགས་པ་ནས་བཟུང་བྱམས་པ་བཀྲ་ཤིས་ཀྱིས་སྔ་རྗེས་སུ་གསོར་འབིགས་བཟོ་པ་དང་། འཕྲུལ་འཁོར་ལས་སྟེགས་ཀྱི་པན་ཀྲང་། འཕྲུལ་འཁོར་ལས་སྟེགས་ཀྱི་འགོ་འཛིན་སོགས་ཀྱི་ལས་གནས་སུ་ལས་དོན་བསྒྲུབས་ཡོད། བོད་ལྗོངས་སུ་ས་གཤིས་ལས་དོན་སྒྲུབ་པར་གནམ་གཤིས་གྲང་ངར་ཆེ་ལ་ཆ་རྐྱེན་དཀའ་ཚེགས་ཆེན་པོ་ཡོད་པ་མ་ཟད། ཐ་ན་ཉེན་ཁ་སྣ་ཚོགས་འཕྲད་ཀྱི་ཡོད། ད་དུང་རྟག་ཏུ་ཉིན་གཅིག་ལ་ལྟོ་ཆས་ཐེངས་གཅིག་ལས་ཟ་ཁོམ་མེད་པ་དང་མཐོ་གྲང་ཁུལ་གྱི་ཁ་བ་བུ་ཡུག་ཁྲོད་གསོར་འབིགས་འཕྲུལ་འཁོར་བསྟུད་མར་ཆུ་ཚོད་12བཀོལ་སྤྱོད་བྱེད་དགོས་པ་དང་འབྲེལ་མི་མེད་ལུང་སྟོང་ཁུལ་དུ་སྒྲིག་ཆས་ཁྱེར་ནས་ལམ་བཟོ་གིན་མདུན་དུ་སྐྱོད་དགོས་ཀྱི་ཡོད། གནམ་གཤིས་དྲོད་ཚད་དམའ་བས་ལས་དོན་སྒྲུབ་ཁུལ་དུ་རྟག་ཏུ་འཁྱགས་པ་ཐེབས་ནས་ཆུ་དཀོན་པ་སོགས་ཀྱི་གནས་ཚུལ་སྣ་ཚོགས་འཕྲད་ཀྱི་ཡོད།

    བྱམས་པ་བཀྲ་ཤིས་ཀྱི་དྲན་ཤེས་ནང་2011ལོར་ནག་ཆུ་ས་ཁུལ་ཤན་རྩ་རྫོང་གི་རྣམ་གྲངས་ཨར་ལས་ལ་བག་ཆགས་དེ་བས་ཟབ་མོ་ཡོད་ཅིང་། “ས་མཐོར་ཨར་ལས་དུས་ཚོད་ཅུང་ཐུང་ཙམ་རེད། ཟླ་10པ་ཤར་མ་ཐག་ཡིན་པས་ཆུ་མདོང་ནང་གི་ཆུ་ཚང་མ་འཁྱགས་པ་ཐེབས་འདུག ལས་ཡུན་འགན་ལེན་བྱེད་ཆེད་དགོང་མོ་མེ་དྲོད་ལ་བརྟེན་ནས་ཆུ་ཚ་པོ་བཟོ་དགོས་པ་དང་། ཉིན་གུང་ཆུ་ཚོད་12ལ་སླེབས་སྐབས་གཞི་ནས་ཆུ་འཐེན་ཐུབ་ཀྱི་ཡོད”ཅེས་བྱམས་པ་བཀྲ་ཤིས་ཀྱིས་ཕྱིར་དྲན་བྱེད་བཞིན་བརྗོད་པ་དང་། ཁོང་གིས“ལས་ཀའི་ཐད་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཀྱང་། རྣམ་གྲངས་དེ་དག་ནི་རྒྱལ་ཁབ་ཀྱི་གཙོ་གནད་ཚན་ཞིབ་རྣམ་གྲངས་ཡིན་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཐོན་ཁུངས་བདེ་འཇགས་དང་འབྲེལ་བ་ཡོད་སྟབས་དཀའ་ཚེགས་ག་ཚོད་ཆེ་ཡང་སྒྲུབ་རིན་ཡོད་པ་ཞིག་ཡིན”ཞེས་བརྗོད་ཀྱི་འདུག

    “མ་གཞི་ནས་གནམ་གཤིས་གྲང་ངར་ཆེ་ལ་གསོ་རླུང་མི་འདང་བའི་ཁར་ལས་ཀའི་དུས་ཡུན་ཐུང་བས་བྱམས་པ་བཀྲ་ཤིས་ཀྱིས་ལས་ཀ་བྱེད་རིམ་བཞིན་གསོར་འབིགས་འཕྲུལ་འཁོར་ལས་སྟེགས་ཐོག་ལས་སྣེ་ཁྲིད་ནས་ཆུ་ཚོད་12རྒྱུན་འཁྱོངས་བྱེད་ཀྱི་ཡོད། ལས་རེས་བརྗེས་རྗེས་ད་དུང་ཚོགས་འདུ་འཚོགས་ནས་ལས་དོན་ལ་ཞིབ་འཇུག་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་ས་གཤིས་རྩད་ཞིབ་ཅུས་ས་གཤིས་རུ་ཆེན་དྲུག་པའི་སྤྱི་ཁྱབ་བཟོ་སྐྲུན་པ་ཀྲང་ཆི་ཀྲིས་གསར་འགོད་པར་དེ་ལྟར་བརྗོད་པ་དང་། ཁོང་གིས་ལས་རོགས་ཚོ་ངལ་ཡག་པོ་གསོ་ཐུབ་པ་བྱེད་ཆེད་བྱམས་པ་བཀྲ་ཤིས་ཀྱིས་མེ་གཏོང་བ་དང་། གད་ཕྱིས་གཙང་སྦྲ་བྱེད་པ། ཚལ་འཁྲུ་བ་དང་ལྟོ་ཆས་བཟོ་བ་བཅས་ཀྱི་ལས་ཀ་ཙག་ཙིག་སྣ་ཚོགས་སྔོན་དུ་བྱེད་ཀྱི་ཡོད། ཁོང་གིས་དངོས་པོའི་ལོངས་སྤྱོད་སྤྱིར་ན་དོན་གཉེར་བྱེད་ཀྱི་མེད་ལ་འཚོ་བ་བབ་ཆགས་སྐྱེལ་རྒྱུར་དགའ་པོ་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག

    དེ་དང་ཆབས་ཅིག་བྱམས་པ་བཀྲ་ཤིས་ཀྱི་ལས་དོན་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཅིང་། སྔ་རྗེས་སུ་བོད་ལྗོངས་ཆབ་མདོ་གཡུ་ལུང་ཟངས་གཏེར་གྱི་མཉམ་སྒྲུབ་ལས་འགན་ཆེན་པོ་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་འཐབ་ཇུས་གྲབས་གསོག་བོད་བྱང་ཐང་ནུས་རྒྱུའི་ཐོན་ཁུངས་ས་གཤིས་བརྟག་དཔྱད་ལས་འགན་ཆེན་པོ་སོགས་གསོར་འབིགས་རྩད་ཞིབ་ཀྱི་རྣམ་གྲངས་ཁག་20ལྷག་ཙམ་ནང་ཞུགས་པ་དང་། མཐོ་གྲང་ཁུལ་དུ་ལས་དོན་སྒྲུབ་པའི་དུས་ཚོད་ཉིན་གྲངས་7000ལྷག་ཙམ་ཟིན་ཡོད་ལ་ཕྱི་རོལ་དུ་ལས་དོན་སྒྲུབ་ཡུལ་གྱི་ས་བབ་མཐོ་ཤོས་སྨི་6000ལྷག་ཙམ་ཟིན་གྱི་ཡོད།

    ས་བབ་མཐོ་བ་དང་ལས་འགན་ལྕི་བའི་ལས་ཀས་བྱམས་པ་བཀྲ་ཤིས་ལ་ཕོ་བའི་ནད་དང་། ཁྲག་ཤེད་མཐོ་བ། མིག་རྩ་དམར་པོ་ཆགས་པ། བར་རྣའི་གཉན་ཚད་སོགས་ཀྱི་ནད་གཞི་ཕོག་ཡོད་པ་དང་སྐབས་རེ་ཐ་ན་མིག་རབ་རིབ་དང་རྒྱུན་མཐུད་མགོ་བོ་ན་བའི་གནས་ཚུལ་ཐོན་གྱི་ཡོད། ཡིན་ནའང་ཁོང་གིས་རྟག་ཏུ“ནད་གཞི་ཆུང་ངུ”དེ་དག་ལ་དོ་སྣང་མི་བྱེད་པའི་ཁར་སྨན་ཁང་དུ་བསྡད་ནས་སྨན་བཅོས་དང་ངལ་གསོ་རྒྱག་རྒྱུ་རང་མཚམས་ངང་དོར་ཏེ་རི་གཤམ་དུ་བསྐྱོད་ནས་སྨན་ཆུ་བླུགས་རྗེས་སླར་ཡང་ལས་གནས་ཐོག་ལོག་གི་ཡོད།

    “གཟུགས་པོ་ཡག་པོ་བྱུང་ཚེ་གང་དུ་ང་དགོས་མཁོ་ཡོད་ཚེ་ངས་དེ་གར་ལས་ཀ་བྱེད་པར་འགྲོ་རྒྱུ་ཡིན”ཞེས་བྱམས་པ་བཀྲ་ཤིས་ཀྱིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས་ང་རང་ལ་གཟི་བརྗིད་ཀྱི་ཚོར་སྣང་ཧ་ཅང་ཆེན་པོ་སྐྱེ་གི་འདུག ཏང་གིས་ང་རང་གསོ་སྐྱོང་གནང་བ་ཞིག་ཡིན་པས་ངས་གསོར་འབིགས་འཚོལ་ཞིབ་ལས་དོན་མཐར་ཕྱིན་པ་བསྒྲུབ་རྒྱུ་ཡིན”ཞེས་བརྗོད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།