འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ཅུང་འཐུས་སྒོ་ཚང་བའི་ལས་རིགས་སློབ་གསོའི་དབུལ་སྐྱོར་ལམ་ལུགས་མ་ལག་
    སྤྱིར་ན་བཙུགས་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་13ཉིན། 19:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་སུན་ཡའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་དུ་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོའི་ལས་རིགས་སློབ་གསོའི་རོགས་དངུལ་སྤྱིར་ན་སྤྲད་པ་དང་ཅུང་འཐུས་སྒོ་ཚང་བའི་ལས་རིགས་སློབ་གསོའི་དབུལ་སྐྱོར་ལམ་ལུགས་མ་ལག་སྤྱིར་ན་བཙུགས་ཟིན་ནས་ས་ཁུལ་དབུལ་པོའི་ལས་རིགས་སློབ་གསོའི་ནུས་པ་དང་ཆུ་ཚད་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།
          “དབུལ་སྒྲོལ་འགག་སྒྲོལ་གྱི་ལག་ལེན་དངོས་ལས་ལས་རིགས་སློབ་གསོའི་དབུལ་སྐྱོར་ནི་ཕན་འབྲས་ཐོན་མགྱོགས་ཤོས་དང་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་དབུལ་སྐྱོར་བྱ་ཐབས་ཤིག་ཡིན”2017ལོའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་སྐོར་གྱི་མཐོ་རིམ་གླེང་སྟེགས་ཀྱི་སློབ་གསོའི་དབུལ་སྐྱོར་གླེང་སྟེགས་ཐོག་སུན་ཡའོ་ཡིས་རང་རྒྱལ་གྱི་འབྲིང་རིམ་ལས་རིགས་སློབ་གསོས་གྲོང་གསེབ་ཀྱི་སློབ་མ་ཡོངས་དང་། ཞིང་འབྲེལ་ཆེད་ལས་སློབ་མ། ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་སློབ་མ་བཅས་ཀྱི་སློབ་ཡོན་རྩ་ཆག་བཏང་བ་དང་སློབ་མ་རེར་ལོ་རེར་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་སྒོར་2000སྤྲད་ཡོད། མཐོ་རིམ་ལས་རིགས་སློབ་གསོར“སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་དང་། སློབ་སྐྱོར་རོགས་དངུལ། སློབ་ཞོར་ལས་ཀ་བྱས་ནས་སློབ་ཡོན་གྲུབ་པ”སོགས་སྣ་མང་ཅན་གྱི་རོགས་སྐྱོར་མ་ལག་བསྐྲུན་ནས་སྦྱངས་འབྲས་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ་སོ་སོ་སློབ་མ་30%དང་25%ལ་ཁྱབ་པ་དང་དུས་མཚུངས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ད་དུང་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོར་སློབ་མ་རེར་ལོ་རེར་སྒོར་3000ཙམ་གྱི་ཚད་གཞི་ལྟར་རོགས་དངུལ་སྤྲོད་ཀྱི་ཡོད་ཅེས་བཤད་པ་རེད།
          ཁོང་གིས་གོམ་སྟབས་རྗེས་མར་ལས་རིགས་སློབ་གསོའི་དབུལ་སྐྱོར་དེ་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་སྒེར་གྱི་སློབ་གསོའི་དགོས་མཁོ་གཞིར་བཟུང་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོར་དམིགས་སའི་རང་བཞིན་ལྡན་པའི་ལས་རིགས་སློབ་གསོ་དང་ལས་རིགས་གསོ་སྦྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན། ས་ཁུལ་དབུལ་པོའི་ས་ཁུལ་རིམ་པའི་གྲོང་ཁྱེར་རེར་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་ཉུང་མཐར་ཡང་གཅིག་འཛུགས་རྒྱུ་དང་སྤྱི་ཚོགས་ཐོག་དགོས་མཁོ་ཆེ་བ་དང་། སློབ་གཉེར་གྱི་སྤུས་ཚད་ལྡན་པ། ལས་ཞུགས་ཐད་འགན་ལེན་ཡོད་པ་བཅས་ཀྱི་ཁྱད་ལྡན་ཆེད་ལས་ཁག་གཅིག་བཙུགས་ཏེ་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་སོགས་མཁོ་བའི་ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།