འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཡོངས་གཞི་རིམ་དུ་སྐོར་སྐྱོད་འཁྲབ་སྟོན་
    བྱེད་པར་བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱིས“སྤྲོ་སེམས་འཁོལ་བའི་ངང་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ། དཀར་གཙང་མཇལ་དར་པེ་ཅིང་ཕྱོགས་ལ་འབུལ”ཞེས་པའི་འཁྲབ་སྟོན་ཚོགས་པ་བརྗིད་ཆགས་ཡིད་འོང་གི་བྱང་རྩྭ་ཐང་དུ་བསྐྱོད་དེ་ནག་ཆུ་ས་ཁུལ་གྱི་གཅེན་གཅུང་མིང་སྲིང་ཚོ་དང་དགའ་འཛོམས་ཀྱིས་ལྟད་མོ་ཆེ་བའི་གླུ་ལེན་གར་འཁྲབ་བྱས་ནས་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་ལ་དགའ་སྤྲོའི་ངང་རྟེན་འབྲེལ་ཞུས་པ་དང་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཡོད།
             འགོ་ཚུགས་ཞབས་བྲོ་《སྐལ་བཟང་བསྟོད་གླུ་》ཞེས་པ་འཁྲབ་སྟོན་བྱས་པ་དང་བསྟུན་ནས་སྐོར་སྐྱོད་འཁྲབ་སྟོན་དེ་དངོས་སུ་འགོ་ཚུགས། འཁྲབ་སྟོན་བྱ་ཡུལ་དུ་འཁྲབ་སྟོན་པ་ཚོའི་བརྗིད་ཆགས་ཡིད་འོང་གི་གླུ་ལེན་གར་འཁྲབ་ལས་ལྟད་མོ་བའི་སྤྲོ་སྣང་ཆེས་ཆེར་འཕེལ་ཡོད། 《ཡར་ཀླུང་གཙང་པོའི་དགའ་སྤྲོ་འཁོལ་བའི་གླུ་དབྱངས་》ཞེས་པའི་ཞབས་བྲོ་ལས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་དང་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བར་བསྟོད་གླུ་འབུལ་བ་གང་ལེགས་མངོན་ཡོད་པ་དང་། 《མེས་རྒྱལ་ལ་སྨོན་འདུན་ཞུ་》དང་《ང་ཀྲུང་གོ་ཁྱེད་ལ་དགའ་》ཞེས་པའི་གླུ་གཞས་ལས་མི་རིགས་ཁག་གི་མི་དམངས་ཀྱིས་བརྩེ་བ་ཟབ་མོའི་སྒོ་ནས་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པ་དང་། འཁྲབ་སྟོན་པ་ཚོའི་འཁྲུག་ཆ་དོད་པའི་ཞབས་བྲོ་དང་། སྙན་འཇེབས་ལྡན་པའི་གླུ་སྒྲ། ངོ་མཚར་ཆེ་བའི་འཁྲབ་སྟོན་བཅས་ལས་གྲང་ངར་ཆེ་བའི་བོད་བྱང་ཐང་ལ་དྲོ་སྐྱིད་སྦྱིན་པ་དང་སྤྲོ་སྣང་འཕེལ་བར་གྱུར་པས་ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
          བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཚོགས་གཙོ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་བསྟན་འཛིན་གྱིས་དེ་ནི་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཡོངས་གཞི་རིམ་གྱི་གྲོང་གསེབ་དང་འབྲོག་རར་བསྐྱོད་དེ་རྒྱ་ཆེའི་མང་ཚོགས་ཚོར་འཚམས་འདྲིའི་འཁྲབ་སྟོན་བྱེད་ཐེངས་དང་པོ་རེད། “ང་ཚོ་འཁྲབ་སྟོན་པ་ཁྱོན་200ཙམ་ཡོད་པ་དང་། འཁྲབ་སྟོན་བྱེད་ཐེངས་དང་པོར་ལྟད་མོ་བ་1700ཙམ་སླེབས་འདུག སླད་ཕྱིན་ང་ཚོས་མུ་མཐུད་སེམས་ནུས་ཚང་མ་འཁྲབ་སྟོན་ནང་བཏོན་ནས་འཁྲབ་སྟོན་ཇི་ཙམ་བྱེད་པ་དེ་ཙམ་གྱིས་ཡག་པོ་བྱེད་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་རིང“སྤྲོ་སེམས་འཁོལ་བའི་ངང་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ། དཀར་གཙང་མཇལ་དར་པེ་ཅིང་ཕྱོགས་ལ་འབུལ”ཞེས་པའི་འཁྲབ་སྟོན་ཚོགས་པས་ད་དུང་ལྷོ་ཁ་དང་གཞིས་རྩེ་སོགས་ཀྱི་ཆེས་གཞི་རིམ་གྱི་གྲོང་གསེབ་དང་འབྲོག་རའི་ས་གནས་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་གཤོམ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།