འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནགས་ཚལ་ཡུལ་སྐོར་གྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཆིག་ཁྲི་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2016ལོར་རྒྱལ་ཡོངས་ཀྱི་ནགས་ཚལ་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་12ཟིན་ནས་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་9500ལས་བརྒལ་བ་དང་ནགས་ཚལ་ཡུལ་སྐོར་དེ་ཉིད་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཆིག་ཁྲི་ལས་བརྒལ་ཉེར་ཡོད་པའི་ནགས་ལས་ཐོན་ལས་སུ་གྱུར་པ་རེད།
           ནགས་ཚལ་ཡུལ་སྐོར་ནི་མི་ཚོས་ནགས་ཚལ་དང་། འདམ་ར། ཐང་རྒོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་བཅས་དང་དེ་བཞིན་ཕྱི་རོལ་གྱི་ཁོར་ཡུག་ལ་བརྟེན་ནས་སྤེལ་བའི་སྤྲོ་གསེང་ཡུལ་སྐོར་དང་། ལུས་སྦྱོང་ལུས་གསོ། རིག་གནས་སློབ་གསོ་སོགས་ཡུལ་སྐོར་བྱེད་སྒོའི་སྤྱི་མིང་ཞིག་ཡིན།
           རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཡུང་ལིས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་རྒྱལ་ཡོངས་ཀྱི་ནགས་ཚལ་ཡུལ་སྐོར་བ་ལོར་འཕར་ཚད་15%ཡན་རྒྱུན་འཁྱོངས་ཐུབ་པ་དང་མིག་སྔར་རྒྱལ་ཡོངས་ཀྱི་རིགས་ཁག་གི་ནགས་ཚལ་ཡུལ་སྐོར་བྱ་ཡུལ་9000ལྷག་ཙམ་ཟིན་ཡོད་པ་རེད།
          ཀྲང་ཡུང་ལིས“ལོ་ལྔ་ཚན་བཅུ་གསུམ་པ”ནི་རང་རྒྱལ་གྱི་ནགས་ཚལ་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན། ཕྱོགས་གཅིག་ནས་སྤྱི་དམངས་ཀྱི་ནགས་ཚལ་ཡུལ་སྐོར་གྱི་དགོས་མཁོ་མགྱོགས་མྱུར་ཆེ་རུ་ཕྱིན་པ་མ་ཟད། དགོས་མཁོ་ཉིན་རེ་ལས་མ་འདས་པར་སྣ་མང་ཅན་དུ་གྱུར་ནས་ནགས་ཚལ་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུཌ་ཀྱི་བླང་བྱ་ཞིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་ནགས་ལས་སྒྱུར་བཅོས་ལས་དོན་ཁག་ཟམ་མི་ཆད་པར་གཏིང་ཟབ་སྤེལ་བ་དང་རང་བྱུང་ནགས་ཚལ་ཁག་ཕྱོགས་ཡོངས་ནས་ཚོང་ལས་རང་བཞིན་གྱི་གཅོད་མཚམས་བཞག་ནས་ནགས་ཚལ་ཡུལ་སྐོར་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་རྒྱུ་ནི་ནགས་ལས་ཕྱོགས་སྒྱུར་འཕེལ་རྒྱས་གཏོང་བའི་ངོ་བོ་ཉིད་ཀྱི་དགོས་མཁོ་ཞིག་ཡིན་ཞེས་བཤད་པ་རེད།
           ཀྲང་ཡུང་ལིས་གོམ་སྟབས་རྗེས་མར་ནགས་ཚལ་ཡུལ་སྐོར་སྤྲོ་གསེང་ཡུལ་སྐོར་གཙོ་བོར་བྱེད་པ་ནས་ལས་རྣམ་མང་པོ་གལ་ཆེ་མཉམ་དུ་འཛིན་པའི་ཕྱོགས་སུ་བསྒྱུར་རྒྱུ་དང་ཆ་ཤས་ཤིག་འཕེལ་རྒྱས་གཏོང་བ་ནས་སྤྱི་ཡོངས་དར་རྒྱས་གོང་འཕེལ་ཡོང་བའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།