འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ཤོག་སྒོར་ཐེངས་དང་པོར་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གི་ཕྱི་རྒྱལ་དངུལ་འགྲུལ་
    གསོག་འཇོག་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས་མི་རིང་བའི་གོང་གསལ་བསྒྲགས་སྤེལ་ནས་འདི་ལོའི་ལོ་སྟོད་དུ་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས་ཁྲོམ་ར་ཡོངས་བསྒྲགས་བཀོལ་སྤྱོད་ཀྱི་བྱེད་སྟངས་སྤྱད་དེ་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་5དང་མཚུངས་པའི་མི་དམངས་ཤོག་སྒོར་བདག་འཛིན་བྱེད་ཚད་མང་དུ་གཏོང་རྒྱུ་དེ་ཕྱི་རྒྱལ་དངུལ་འགྲུལ་གྱི་གསོག་འཇོག་ལ་བརྩིས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ཡོ་རོབ་ཀྲུང་དབྱང་དངུལ་ཁང་ལ་མི་དམངས་ཤོག་སྒོར་གྱི་ཕྱི་རྒྱལ་དངུལ་འགྲུལ་གསོག་འཇོག་དབང་ཆ་ཐེངས་དང་པོ་བདག་ཏུ་འཛིན་པ་ཞིག་ཡིན་པ་རེད། དེའི་རིང་དབྱེ་ཞིབ་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་གོམ་སྟབས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཀྲུང་གོའི་དཔལ་འབྱོར་གྱི་མཚོན་ཚུལ་བཟང་པོ་ཡོད་པས་མི་དམངས་ཤོག་སྒོར་གྱིས་གོ་ལ་ཧྲིལ་པོའི་ཀྲུང་དབྱང་དངུལ་ཁང་གི་ཡིད་དབང་འགུགས་ནུས་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད་ཅེས་བརྗོད་པ་རེད།
         གསལ་བསྒྲགས་ནང་། ཉེ་བའི་ལོ་ཤས་རིང་མི་དམངས་ཤོག་སྒོར་རྒྱལ་སྤྱིའི་དངུལ་ལོར་གྱི་སྤྱོད་སྟངས་ཞིག་ལ་བརྩིས་ནས་རིམ་བཞིན་འཕར་བཞིན་ཡོད། 2016ལོའི་ཟླ་10པ་ནས་བཟུང་མི་དམངས་ཤོག་སྒོར་དེ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དམིགས་བསལ་གྱི་དངུལ་ལོར་རིགས་ཀྱི་ཁྱབ་ཁོངས་ནང་དངོས་སུ་བཅུག་ནས་དེ་ཨ་སྒོར་དང་། ཡོ་རོབ་ཀྱི་སྒོར་མོ། རི་པིན་གྱི་སྒོར་མོ། དབྱིན་སྒོར་བཅས་རྗེས་ཀྱི་དངུལ་ལོར་རིགས་ལྔ་པར་གྱུར་ཡོད་ཅེས་བསྟན་པ་རེད། ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས“མི་དམངས་ཤོག་སྒོར་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གི་ཕྱི་རྒྱལ་དངུལ་འགྲུལ་གསོག་འཇོག་ནང་འཇོག་རྒྱུ་དེས་ཀྲུང་གོས་ཡོ་སྒོར་ཁུལ་གྱི་གལ་ཆེའི་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད་པའང་མཚོན་ཐུབ”པའི་ངོས་འཛིན་བྱས་ཡོད།
         ཕྱི་རྒྱལ་དངུལ་འགྲུལ་གསོག་འཇོག་གི་སྤྱིའི་གཞི་ཁྱོན་འགྱུར་ལྡོག་མི་ཡོང་བ་བྱ་ཆེད། མི་དམངས་ཤོག་སྒོར་གྱི་བདག་འཛིན་བྱེད་ཚད་མང་དུ་བཏང་བ་དང་ཆབས་ཅིག་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས་དེ་མཚུངས་ཀྱི་ཨ་སྒོར་གྱི་མ་རྩ་ཕམ་ཚོང་བྱས་པ་རེད། མིག་སྔར་ཨ་སྒོར་གྱིས་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གི་ཕྱི་རྒྱལ་དངུལ་འགྲུལ་གྱི་གསོག་འཇོག་ཁྲོད་བཟུང་བའི་བསྡུར་གྲངས་སྔར་བཞིན་ཨང་དང་པོར་གནས་པ་དང་གསོག་འཇོག་གཞན་ད་དུང་རི་པིན་གྱི་སྒོར་མོ་དང་། མི་དམངས་ཤོག་སྒོར། གསེར། དམིགས་བསལ་གྱི་དངུལ་ལོར་རིགས་བཅས་ཚུད་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་གནས་བབ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད་ཇེ་ཆེར་ཕྱིན་ཡོད་པས་མི་དམངས་ཤོག་སྒོར་གྱི་ཡིད་དབང་འགུགས་ནུས་ཀྱང་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ཡོ་རོབ་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་མ་ཏི་ཡ་སི·པ་སིས“གོ་ལ་ཧྲིལ་པོའི་ཀྲུང་དབྱང་དངུལ་ཁང་གཙོ་གྲས་ཤིག་ཡིན་པའི་ངོས་ནས་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གི་བྱེད་སྟངས་ཀྱིས་དཔེ་སྟོན་གྱི་ནུས་པ་ངེས་ཅན་ཞིག་ཐོན་རྒྱུ་ཡིན་པ་དང་འབྱུང་འགྱུར་དངུལ་རྩའི་སྒྲིག་གཞི་དེ་བས་མང་བས་མི་དམངས་ཤོག་སྒོར་རང་ངོས་ཀྱི་མ་རྩ་བཀོད་སྒྲིག་བྱེད་སྟངས་ལ་གདམ་ངར་བརྩིའི་རྒྱུ་ཡིན་པའི་ཡིད་ཆེས་ཡོད། གོ་ལ་ཧྲིལ་པོར་མི་དམངས་ཤོག་སྒོར་གྱི་དགོས་མཁོ་རིམ་བཞིན་ཆེ་རུ་འགྲོ་རྒྱུ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།