འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོང་ཚོའི་བདེ་ཐང་ང་ཚོའི་སེམས་ནང་འཇོག

    —— ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་རྒྱལ་སྟོན་དུས་ཆེན་བཏང་བའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ད་ལྟ་ནི་ཀྲུང་གོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དང་སྐབས་འཁེལ་ཞིང་། དུས་ཡུན་ཟླ་གསུམ་རིང་རྒྱུན་མཐུད་པའི་ཨེ་ཙེ་ཨོ་ཕི་ཡའི་ཆར་དུས་ད་དུང་མཇུག་འགྲིལ་མེད། ཆར་ཞོད་ཆེ་བས་ནད་གཞི་ཕོག་སླ་པོ་ཡོད། དེས་ན་ཀྲུང་གོས་རོགས་སྐྲུན་བྱས་པའི་ཏེ་ལུ་ནེ་ཧྲེན-པེ་ཅིང་སྨན་ཁང་དུ་ཡོང་མཁན་ནད་པའང་ཇེ་མང་དུ་འགྲོ་བཞིན་ཡོད། སྨན་ཁང་དེར་ལས་ཀ་བྱེད་མཁན་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་20པས་དམིགས་བསལ་གྱི་རྒྱལ་སྟོན་དུས་ཆེན་ཞིག་བཏང་བ་རེད།
         ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་1ཉིན་གྱི་ཆུ་ཚོད་7པར་སྨན་བཅོས་རུ་ཁག་བཅའ་སྡོད་བྱ་ཡུལ་གྱི་ཞོགས་ཟས་ཀྱི་དྲིལ་བརྡ་རྣམ་ཀུན་ལས་ཆུ་ཚོད་ཕྱེད་ཀའི་སྔོན་ལ་བཏང་། དེ་དུས་ཏག་ཏག་ཆར་པ་ཆེན་པོ་བབས་པས་སྨན་བཅོས་རུ་ཁག་གི་རུ་དཔོན་ཀྲའོ་ཁྲེང་དངངས་འཚབ་ཆེན་པོ་བྱུང་། གང་ལགས་ཤེ་ན། འཆར་གཞི་ལྟར་ན་དེ་ཉིན་སྨན་བཅོས་རུ་ཁག་སྤྱི་ལེ་བརྒྱ་ཡི་སའི་ཀྲུང་གོ་ཨར་ལས་རྒྱུ་ཆའི་རྒྱལ་སྤྱི་ཀུང་སིའི་བཟོ་གྲྭའི་ཁུལ་དུ་འོས་འགན་སྨན་བཅོས་བྱེད་པར་འགྲོ་རྩིས་ཡོད་པས་རེད།
         ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སོང་ཡང་ཆར་པ་ད་དུང་ཆད་མེད། སྨན་བཅོས་རུ་ཁག་གིས་འོས་འགན་སྨན་བཅོས་ལ་མཁོ་བའི་ཅ་དངོས་འཁྱེར་ནས་རླངས་འཁོར་བསྡད་དེ་ཆར་པའི་ཁྲོད་ཐོན། ལམ་ཁ་ཡག་པོ་མེད་པའི་ཁར་ཆར་པ་ཆེན་པོ་བབས་པའི་རྐྱེན་གྱིས་ཆུ་ཚོད་3ཙམ་འགོར་རྗེས་སྨན་བཅོས་རུ་ཁག་གཞི་ནས་བཟོ་གྲྭའི་ཁུལ་དུ་འབྱོར། ཀྲུང་གོའི་སྨན་བཅོས་རུ་ཁག་འོས་འགན་སྨན་བཅོས་བྱེད་པར་ཡོང་བ་ཤེས་སྐབས་བཟོ་གྲྭའི་ཁུལ་གྱི་ལས་མི་རྣམས་སྔ་ས་ནས་སྒོ་འགྲམ་དུ་བང་བསྒྲིགས་ཏེ་སྒུག་ནས་བསྡད།
         དེ་གར་འབྱོར་རྗེས་སྨན་བཅོས་རུ་ཁག་གི་སྨན་པ་ཚོས་འཕྲལ་མར་ལས་ཀ་བྱེད་འགོ་བརྩམས། སྨན་བཅོས་ལས་སྟེགས་མདུན་དུ་བློ་འདྲི་བྱེད་མཁན་ལས་མིས་ཁེངས་ཤིང་། སྨན་པ་ཚོས་ཁྲག་ཤེད་ལྟ་བ་དང་། ཁྲག་མངར་གྱི་ཚད་གཞི་ལྟ་བ། སྐམ་ཁབ་རྒྱག་པ། ནད་གཞི་འདྲི་བ། དྲིལ་བསྒྲགས་བྱེད་པ་སོགས་ཀྱི་ལས་ལ་གོ་རིམ་ལྡན་པའི་སྒོ་ནས་བྲེལ་བཞིན་ཡོད། མཇུག་ཏུ་རུ་དཔོན་ཀྲའོ་ཁྲེང་གིས་སྨན་བཅོས་རུ་ཁག་གི་ཚབ་ཞུས་ཏེ་ལས་མི་ཚོར་རྒྱུན་སྤྱོད་སྨན་རྫས་འགའ་ཞིག་སྤྲད།
         རྒྱལ་སྟོན་གྱི་གུང་གསེང་རིང་སྨན་བཅོས་རུ་ཁག་གི་སྨན་པ་ཚང་མ་ཉིན་ལྟར་འོས་འགན་སྨན་བཅོས་བྱ་ཡུལ་ལམ་ཡང་ན་ནད་ཁང་དུ་དུས་འདའ་བར་བྱས།
         ཟླ་10ཚེས་3ཉིན་ཏེ་ལུ་ནེ་ཧྲེན-པེ་ཅིང་སྨན་ཁང་ཕྱི་ནད་ཚན་ཁག་གི་ནད་ཁང་ནང་ལོ་32ལ་སླེབས་པའི་པོའོ་ཧ་ནུའུ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་ངར་གདོང་ཆག་ནས་ན་ཟུག་དྲག་པོ་བཏང་སྟེ་དཔྲལ་བ་ནས་ཀྱང་རྔུལ་ཆུ་བར་མི་ཆད་པར་ཐོན། ཨེ་ཙེ་ཨོ་ཕི་ཡར་རུས་ནད་ཚན་ཁག་གི་སྨན་པ་དཀོན་པས་ནད་པས་སྨན་ཁང་དེར་ཡོང་ནས་ཀྲུང་གོའི་སྨན་པའི་སྨན་བཅོས་ཐོབ་རྒྱུའི་རེ་བ་བཅངས།
         ནད་པར་གཤགས་བཅོས་ཀྱི་དུས་ཚོད་འཚམས་ཤོས་ནང་སྨན་བཅོས་ཐུབ་པ་མ་ཟད་སྔ་ཙམ་དྲག་སྐྱེད་ཡོང་ཆེད། སྨན་བཅོས་རུ་ཁག་གི་རུ་མི་སྨན་པ་ཝུའུ་ཏེང་ཁོའོ་དང་ལན་ཙེ་ཧའོ་ཡིས་འཕྲལ་མར་ནད་པར་གཤགས་བཅོས་བྱས།
         གཤགས་བཅོས་མ་བྱས་གོང་གྲ་སྒྲིག་ཚགས་ཚུད་པོ་བྱས་པར་བརྟེན་གཤགས་བཅོས་ལམ་ལྷོངས་བྱུང་། གཤགས་བཅོས་མཇུག་འགྲིལ་རྗེས་ས་གནས་དེ་གའི་སྨན་བཅོས་ནད་སྐྱོང་པ་ཚོས་གཤགས་བཅོས་ཧ་ཅང་ཡག་པོ་བྱུང་སོང་ཞེས་མགྲིན་གཅིག་ཏུ་བརྗོད་པ་དང་ནད་པས་དེ་བས་ཀྱང་སེམས་འགུལ་ཆེན་པོ་ཐེབས་བཞིན་བསྟོད་པའི་མཐེ་བོང་བསྒྲེངས་ཏེ“ཀྲུང་གོའི་སྨན་པ་ཡག་པོ་འདུག”ཅེས་བརྗོད།
         ཟླ་10ཚེས་4ཉིན་ནི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ཏེ་ཟླ་མཆོད་དུས་ཆེན་རེད། དེ་ཉིན་སྨན་བཅོས་རུ་ཁག་གིས་སླར་ཡང་རླངས་འཁོར་བསྡད་དེ་སྤྱི་ལེ་བརྒྱ་ཡི་སའི་ཀྲུང་གོས་རོགས་སྐྲུན་བྱས་པའི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ལས་ཡུལ་དུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད།
         འོས་འགན་སྨན་བཅོས་བྱེད་རིང་ཀྲུང་གོའི་སྲོལ་རྒྱུན་གྱི་ཀྲུང་ལུགས་སྐམ་ཁབ་ལ་ཀྲུང་གོའི་ལས་མི་ཚོའི་དགའ་བསུ་ཐོབ་པ་མ་ཟད། ཨེ་ཙེ་ཨོ་ཕི་ཡའི་ས་གནས་དེ་གའི་ལས་མི་ཚོའི་དགའ་མོས་དེ་བས་ཀྱང་ཐོབ།
         སྐམ་ཁབ་ཆེད་ལས་ཡིན་པའི་སྨན་བཅོས་རུ་ཁག་གི་སྨན་པ་ཅ་རུའེ་ཀྲེ་དང་ཡན་ཅི་ཧུང་གཉིས་བར་ཁོམ་མེད་པར་ལས་ལ་བྲེལ། འོས་འགན་སྨན་བཅོས་བྱེད་མཇུག་འགྲིལ་ནས་ཕྱིར་ལོག་རྩིས་བྱེད་སྐབས་སྐྱེ་ཁུངས་རྒྱ་གར་ནས་ཡིན་པའི་ལྟ་སྐུལ་དོ་དམ་གྱི་ལས་གྲྭའི་དགེ་རྒན་ལཱ་ན·ཁུ་མས་བྲེལ་འཚུབ་ཆེན་པོའི་སྒོ་ནས་འོས་འགན་སྨན་བཅོས་བྱ་ཡུལ་དུ་ཡོང་སྟེ་ཁོང་གི་ཕྲག་པ་གཡས་མར་ན་ཚ་བཏང་ནས་ཟླ་གསུམ་ཙམ་ཕྱིན་སོང་བས་སྨན་བཅོས་རུ་ཁག་གིས་སྐམ་ཁབ་རྒྱག་རྒྱུའི་རེ་བ་ཡོད་ལུགས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།