འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བྱེས་བགྲོད་རླངས་འཁོར་གྱིས་གཙོད་རྗེས་འདེད་བྱེད་དོན་དང་འབྲེལ་བ་ཡོད་པའི་མི་7ལ་
    ཆད་པ་སྒོར་ཁྲི་1.5བཅད་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་10ཉིན་གྱི་དགོང་མོར། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་གཞུང་གི་པོད་ཕྲན"བོད་ལྗོངས་ནགས་ལས་དྲ་བ"ཐོག་ནས"བྱེས་བགྲོད་རླངས་འཁོར་གྱིས་གཙོད་རྗེས་འདེད་བྱས་དོན"ལ་བརྟག་དཔྱད་བྱས་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་པ་མ་ཟད། ཁྲིམས་ལྟར་བྱས་དོན་དེ་དང་འབྲེལ་བ་ཡོད་པའི་མི་7པོ་སོ་སོར་ཆད་པ་སྒོར་15000རེ་བཅད་ཡོད་ཅིང་། ཁྱོན་བསྡོམས་ཆད་པ་སྒོར་105000བཅད་པ་རེད།
         བརྟག་དཔྱད་ཞིབ་བསྡུར་བྱས་པ་བརྒྱུད། ཟླ10ཚེས་4ཉིན་གྱི་ཆུ་ཚོད་17དང་སྐར་མ་20ཐོག་ལ་དོན་འདི་དང་འབྲེལ་བ་ཡོད་པའི་ཧའོ་ཆེ་གེ་མོ་སོགས་མི་7མདོག་དཀར་པོའི་བྱེས་བགྲོད་རླངས་འཁོར་2བཏང་ནས། ནག་ཆུ་ས་ཁུལ་ཤན་རྩ་རྫོང་གཞུང་སྨད་གྲོང་རྡལ་གྱི་གྲོང་ཚོ་8པའི་ཉེ་འདབས་སུ་བརྒྱུད་དུས་གཞུང་ལམ་དང་གྱེས་ནས་གསེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཙོད་འཚོ་སྡོད་ས་ཁུལ་དུ་བསྐྱོད་དེ། གཙོད་ཁྱུ་རྗེས་འདེད་སྐར་མ་གཅིག་ལྷག་བྱས་པ་རེད།
         ཟླ་10ཚེས་6ཉིན་དང་ཚེས་7ཉིན། ས་གནས་དེ་གའི་ནགས་ཚལ་སྤྱི་བདེ་ཁང་དང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྡེ་ཁག དེ་བཞིན་བདག་དུ་མ་བཟུང་བའི་སྲོག་ཆགས་དོ་དམ་སྲུང་སྐྱོང་བྱེད་མཁན་བཅས་ཀྱིས་དོན་འདི་བྱུང་ཡུལ་གྱི་ས་ཁོངས་སྤྱི་ལེ་གྲུ་བཞི་མ་300རུ་ཁྱབ་རྒྱ་ཆེ་བའི་རྩད་ཞིབ་ཞིབ་ཕྲ་བྱས་ཤིང་། གཙོད་ཤི་རྨས་བྱུང་བའི་གནས་ཚུལ་རྙེད་མེད་པ་རེད། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་བརྟག་དཔྱད་དཔང་རྟགས་ལེན་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། དུས་མཉམ་དུ་ལས་སྒོ་མཛུབ་སྟོན་ཡང་བྱས་པ་རེད།
      བརྟག་དཔྱད་བྱས་འབྲས་ལས་མངོན་གསལ། དོན་དེ་དང་འབྲེལ་བ་ཡོད་པའི་མི་7གྱིས་ཆོག་མཆན་ཐོབ་མེད་པར་གཞུང་ལམ་དང་གྱེས་ཏེ་རང་དགར་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛུལ་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་གནས་སྐྱེ་འཕེལ་ལ་གནོད་འཚེ་བཏང་བ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་གནས་ས་ཁུལ་ལ་གཏོར་བརླག་བཏང་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་ཐོག་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ལག་བསྟར་སྲོལ་ཡིག》 《ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་》བཅས་དང་འགལ་བ་རེད།
         བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་གཤམ་གསལ་ལྟར་ཐག་བཅད་བྱས་པ་སྟེ། གཅིག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་ཐོག་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ལག་བསྟར་སྲོལ་ཡིག་》གི་འབྲེལ་ཡོད་དོན་ཚན་ལ་གཞིགས་ནས། དོན་དེ་དང་འབྲེལ་བ་ཡོད་པའི་མི་7པོ་སོ་སོ་ལ་ཆད་པ་སྒོར་10000རེ་བཅད་པ་དང་། གཉིས། 《ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་》གི་འབྲེལ་ཡོད་དོན་ཚན་ལ་གཞིགས་ནས། དོན་དེ་དང་འབྲེལ་བ་ཡོད་པའི་མི་7པོ་སོ་སོར་ཆད་པ་སྒོར་5000རེ་བཅད་པ། གསུམ། དོན་དེ་དང་འབྲེལ་བ་ཡོད་པའི་མི་སྣ་ལ་སྐྱོན་ཞིབ་གཏིང་ཟབ་པོ་བྱ་དགོས་པའི་འགན་དཀྲིས་པ།  བཞི། དོན་བྱུང་བའི་ས་ཁོངས་གསེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲོས་མཐུན་དོ་དམ་སྲུང་སྐྱོང་བྱེད་མཁན་ལ་ལོ་འདིའི་ཕུལ་བྱུང་ཅན་དཔྱད་འདེམས་བྱ་རྒྱུའི་ཐོབ་ཐང་མེད་པར་བཟོས་པ་དང་། ཟླ་བ་3རིང་གི་གཞི་རྩའི་ཁ་གསབ་རོགས་དངུལ་སྤྲོད་མཚམས་བཞག་པ།  ལྔ། ནག་ཆུ་ས་ཁུལ་ཤན་རྩ་རྫོང་གིས་གསེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ནུས་ལྡན་བྱས་མེད་པའི་འབྲེལ་ཡོད་སྡེ་ཚན་ལ་འགན་འཁྲི་རྩད་གཅོད་བྱ་རྒྱུའི་འགན་དཀྲིས་པ་བཅས་རེད།
         དོན་འདི་དང་འབྲེལ་བ་ཡོད་པའི་མི་7གྱིས་ཆད་པ་བཅད་དོན་དང་ལེན་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བསྟན་པ་དང་། ཆད་པ་བཅད་དོན་ལ་བསམ་འཆར་མི་འདྲ་བ་མེད་པ་མ་ཟད། རང་འགུལ་ངང་སྔ་འགྱོད་ཕྱི་འདོམས་བྱ་རྒྱུའི་ཡི་གེ་ཡང་ཕུལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།