འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཁེ་ལས"ཕྱི་ཕྱོགས་སུ"ཧུར་ཐག་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་4ཉིན། ཉེ་ལམ་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་བ་དང་བསྟུན་ནས་གངས་ལྗོངས་ས་མཐོར་གནས་པའི་བོད་ཀྱིས་ཀྱང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་སྦྲེལ་མཐུད་ཧུར་ཐག་བྱས་པ་དང་འབྲེལ་དེའི་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁེ་ལས“ཕྱིར་བསྐྱོད་རྒྱུ”དང“ནང་དུ་གདན་འདྲེན་རྒྱུར”སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།
         བོད་ལྗོངས་ཉིང་ཁྲི་ལི་པོ་འཛུགས་སྐྲུན་ཚད་ཡོད་ཀུང་སི་2006ལོར་བཙུགས་པ་དང་། གཙོ་བོ་སྡོད་ཁང་འཛུགས་སྐྲུན་ལས་གྲྭ་དང་གྲོང་ཁྱེར་ལས་དོན་གྱི་སྤྱི་སྤྱོད་ལས་གྲྭའི་ཨར་ལས་ཀྱི་སྤྱིའི་འགན་གཙང་ལེན་གྱི་ཡོད། 2016ལོའི་ཟླ་6པར་ཁེ་ལས་དེས་ཨ་ཙེ་ཨོ་ཕི་ཡའི་གློག་ཆེན་སྐུད་ལམ་འཛུགས་སྐྲུན་རྣམ་གྲངས་སྐྲུན་འགན་ཁུར་ནས་ཨ་ཧྥེ་རི་ཁ་ས་མཐོར“བྱ་གཞག་གཉེར་བར་སྐྱོད་མཁན”གྱི་བོད་ཀྱི་དམངས་གཉེར་ཁེ་ལས་དང་པོར་གྱུར་ཡོད་པ་རེད།
         “དེ་ནི‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ལས་ཕན་པ་ཐོབ་ནས་ས་གནས་དེ་གའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད་ལ་ཁེ་ལས་ཕྱི་རྒྱལ་དུ་ལས་སྒོ་གཉེར་རྒྱ་ཆེ་རུ་གཏོང་བར་བསྐྱོད་རྒྱུའི་ཡིད་ཆེས་ཐོབ་ཡོད”ཅེས་ཁེ་ལས་ཀྱི་འགན་འཁུར་བ་ཐང་གོ་ཀྲུང་གིས་བརྗོད་ཀྱི་འདུག
         1989ལོར་དམའ་རིམ་སློབ་འབྲིང་ཐོན་ནས་ལོ་ཁ་ཤས་ལས་མ་སོང་བའི་ཐང་གོ་ཀྲུང་གཅིག་པུ་བོད་ལྗོངས་ཉིང་ཁྲིར་ཟ་ཁང་འཛུགས་མཁན་ཕའི་འགྲམ་དུ་ཡོང་། ཐོག་མའི་ལོ་ཁ་ཤས་ནང་མི་གཞན་ལ་གླ་པ་རྒྱུག་ནས་འཚོ་བ་སྐྱེལ་ཐབས་བྱས་པ་དང་དེའི་རིང་ཁོང་གིས་སྔ་བར་ཕྱི་གསུམ་དུ་རང་ཉིད་ཀྱི་བྱ་གཞག་གསར་གཏོད་བྱེད་རྒྱུའི་བསམ་འདུན་བཅངས། 2006ལོར་གྲོགས་པོའི་ཁ་ཏ་བསླབ་བྱ་དང་རོགས་རམ་འོག་ཐང་གོ་ཀྲུང་གིས་བོད་ལྗོངས་ཉིང་ཁྲི་ལི་པོ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པ་རེད།
         དེ་རྗེས་ལོ་ཁ་ཤས་ནང་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་ཁེ་ལས་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད། 2006ལོར་ཤིན་ཅང་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཀུང་སི་དང་མཉམ་ལས་བྱེད་སྐབས་ཐང་གོ་ཀྲུང་གིས་ཨ་ཙེ་ཨོ་ཕི་ཡའི་གློག་ཆེན་སྐུད་ལམ་འཛུགས་སྐྲུན་རྣམ་གྲངས་གོ་ཐོས་བྱུང་བ་རེད། དེར་བརྟེན་ཐང་གོ་ཀྲུང་གིས་ཁེ་ལས་ཀྱི་སྣེ་ཁྲིད་དེ་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཀྲུང་དབྱང་ཁེ་ལས་3དང་གཞུང་ཁོངས་ཁེ་ལས་2དང་མཉམ་དུ་ཨ་ཙེ་ཨོ་ཕི་ཡའི་གློག་ཆེན་སྐུད་ལམ་འཛུགས་སྐྲུན་རྣམ་གྲངས་ནང་ཞུགས། རྣམ་གྲངས་དེ་2006ལོའི་ཟླ་9པར་དངོས་སུ་ལས་འགོ་ཚུགས་པ་དང་། ཐང་གོ་ཀྲུང་གི་ཀུང་སིས་རྣམ་གྲངས་ནང་གི་གློག་ཆེན་གློག་སྐྱེལ་གློག་སྒྱུར་གྱི་ཨར་ལས་ལས་འགན་གཙོ་བོ་ཁུར་ཡོད་པ་རེད།
         ཕྱི་རྒྱལ་དུ་ཐེངས་དང་པོ་བསྐྱོད་ནས་ཕྱི་རྒྱལ་གྱི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་ལི་པོ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ངོས་ནས་བརྗོད་ཚེ་དཀའ་ངལ་མི་ཉུང་བ་འཕྲད་ཡོད་ཅིང་། སྐད་བརྡ་མི་འཕྲོད་པ་ནི་དཀའ་ངལ་ཆེ་ཤོས་ཡིན་པ་དང་དེས་ཨར་ལས་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་ཡོད། དེའི་ཐད་ཐང་གོ་ཀྲུང་གིས་ལས་མི་མང་དུ་བཏང་ནས་གནད་དོན་དེ་ཐག་གཅོད་བྱས་པ་རེད། དེ་དང་ཆབས་ཅིག་ཐང་གོ་ཀྲུང་གིས་ད་དུང་རྣམ་གྲངས་འཛུགས་སྐྲུན་ནང་ལས་དུས་འཕར་མ་བྱས་ནས་སྤུས་ཚད་འགན་ལེན་བྱས་ཏེ་འདི་ལོའི་ལོ་མཇུག་ཏུ་ལེགས་སྒྲུབ་བྱེད་རྩིས་ཡོད་པའི་སྤྱི་ལེ་237གྱི་གློག་ཆེན་སྐུད་ལམ་འཛུགས་སྐྲུན་དེ་ཟླ་4སྔ་སྣུར་དུ་ལེགས་སྒྲུབ་བྱས་པ་རེད།
        ལས་ཕྱོད་ཆེ་ལ་འགན་འཁྲི་ནན་པོ་ཁུར་བའི་སྤྱོད་ཚུལ་ལ་རྣམ་གྲངས་ཕྱོགས་ཀྱི་བསྔགས་བརྗོད་ཐོབ་ཅིང་། ཐང་གོ་ཀྲུང་གིས་འབྱུང་འགྱུར་ང་ཚོས་མུ་མཐུད་རྒྱལ་ནང་ནས་ཐོན་ཏེ་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག
         གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་བོད་ལྗོངས་སུ“ཕྱིར་སྐྱོད་རྒྱུའི”འདོད་འདུན་ཡོད་པའི་ཁེ་ལས་38དང་། དངོས་སུ་ཕྱིར་སྐྱོད་མཁན་ཁེ་ལས་10ཡོད་པ་དང་། ད་ཆ་བོད་ལྗོངས་སུ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།