འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་གྲོང་མིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་དུས་ཆེན་གཉིས་དགའ་གཏོང་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་། ལྷ་སའི་གྲོང་མི་ཚོས་ཕྱིར་སྐྱོད་པའམ་ཡང་ན་ཅ་ལག་ཉོ་བ་དང་དགའ་འཛོམས་བྱེད་པ་དང་། ཉེ་འདབས་སུ་ཡུལ་སྐོར་བྱེད་པ། ཉི་མ་སྲོ་གིན་ཇ་མངར་མོ་འཐུང་བ་སོགས་བྱས་ཏེ་ལྷོད་ལ་སྐྱིད་པའི་དུས་ཆེན་དགའ་གཏོང་བྱས།
            ཧྲེང་ལི་དུས་རབས་ཐང་ཆེན་གྱི་སྒོ་རྩིས་ཚོང་ཁང་དུ་བཟའ་བཅའ་དང་། ཚོང་ཟོག་སྣ་ཚོགས། མཁོ་ཆས་སོགས་ཉོ་མཁན་ཧ་ཅང་མང་པོ་ཡོད་པ་རེད། ལྷ་ས་སློབ་འབྲིང་དང་པོའི་དགེ་རྒན་ཞི་ལེའང་དང་ཁོང་གི་བཟའ་ཟླ་སྒོ་ང་དང་ཤིང་ཏོག་སྐམ་པོ་ཉོ་བཞིན་ཡོད་ཅིང་། ཁོང་གིས“དེ་རིང་ཟླ་མཆོད་དུས་ཆེན་ཡིན་པས་བཟའ་བཅའ་དང་ཤིང་འབྲས་མང་ཙམ་གྲ་སྒྲིག་བྱས་ཏེ་དགའ་ཉེ་སྤུན་མཆེད་ཚོ་གདན་དྲངས་ནས་ནང་དུ་ཟླ་མཆོད་དུས་ཆེན་གཏོང་མཁན་ཡིན”ཞེས་བཤད། སྒོ་རྩིས་ཚོང་ཁང་དེའི་བཟའ་བཅའ་སོས་པ་པུའི་ཅིང་ལི་ཀྲུའུ་ཞའོ་ལེ་ཡིས་ཉེ་དུས་སྒོ་རྩིས་ཚོང་ཁང་དུ་ཅ་ལག་ཉོ་བར་ཡོང་མཁན་དུས་རྒྱུན་ལས་40%ཙམ་གྱིས་མང་དུ་ཕྱིན་ཏེ་ཟླ་མཆོད་བག་ལེབ་དང་བཟའ་བཅའ་སོས་པ་སོགས་ཉོ་མཁན་ཧ་ཅང་མང་པོ་འདུག ང་ཚོས་ཀྱང་གློག་འཕྲིན་དང་སྒུལ་བདེ་སོགས་དང་མཉམ་འབྲེལ་ཐོག་དངུལ་སྤྲོད་སྟངས་མང་པོ་བཟོས་ཏེ་དམངས་ལ་སྟབས་བདེ་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས།
            ལྕགས་པོ་རི་ཚལ་ཁྲོམ་དུ་ཤིང་འབྲས་དང་སྔོ་ཚལ་སོས་པ་དང་། ལུག་ཤ ཚགས་ཤ ཉ་ཤ སྡིག་སྲིན་སོགས་གང་དགོས་པ་ཡོད་པས་ཚོང་མཁན་དང་ཉོ་མཁན་དབར་རིན་གོང་སྒྲིག་པའི་རྣམ་པ་འཁྲུག་ཆ་དོད་པོ་འདུག ཉང་བྲན་ལྷོ་ལམ་དང་ཐེན་ཧའེ་ལམ་གྱི་གྱོན་ཆས་ཚོང་ཁང་དང་སྒོ་ངའི་བག་ལེབ་ཚོང་ཁང་མང་པོ་གནས་སྐབས་ཟླ་མཆོད་བག་ལེབ་འཚོང་ཡུལ་དུ་བསྒྱུར་ཞིང་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད།
          བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ་དང་བསྟུན་ནས་བོད་ནས་ཕར་འགྲོ་ཚུར་འོང་ཧ་ཅང་བྱེད་བདེ་པོ་ཡོད་སྟབས། ལྷ་སའི་གྲོང་མི་ཚོར་ཕར་འགྲོ་ཚུར་འོང་བྱེད་པར་གདམ་ག་བྱ་ཡུལ་མང་པོ་མཁོ་འདོན་བྱས་ཡོད། བོད་ལྗོངས་མཁའ་འགྲུལ་དང་སི་ཁྲོན་མཁའ་འགྲུལ་གྱི་སྤ་སེ་འཚོང་ཡུལ་དང་ལྷ་སའི་མེ་འཁོར་བབས་ཚུགས་སུ་སྤ་སེ་ཉོ་བར་ཡོང་མཁན་ཡུལ་སྐོར་བ་དང་གྲོང་མི་ཧ་ཅང་མང་པོ་ཡོད་པ་རེད། ཉིང་ཁྲི་དང་། ལྷོ་ཁ། གཞིས་རྩེ་བཅས་གྲོང་མི་མང་པོ་ཡུལ་སྐོར་བྱ་ཡུལ་གྱི་གདམ་ག་ཡག་ཤོས་སུ་གྱུར་ཡོད་ལ། གྲོང་མི་མང་པོས་གནམ་གྲུ་བསྡད་དེ་པེ་ཅིང་དང་། སི་ཁྲོན། ཧའེ་ནན། ཆིང་ཏའོ་སོགས་སུ་ཡུལ་སྐོར་དུ་བསྐྱོད་དེ་མེས་རྒྱལ་གྱི་མཛེས་ལྗོངས་མྱོང་རོལ་བྱེད་བཞིན་ཡོད།
          ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་ཕེང་ཁྲུའུ་སྣོད་བཅུད་གླིང་དུའང་གྲོང་མིས་རང་བྱུང་ཁམས་ཀྱི་པང་དུ་ལོག་པའི་ཚ་རླབས་ཤིག་འཕྱུར་ཡོད། ཕེང་ཁྲུའུ་སྣོད་བཅུད་གླིང་གི་ལས་དོན་པ་བཀྲ་ཤིས་ཆོས་འཕེལ་གྱིས“ཉེ་དུས་གླིང་ནང་ཆ་སྙོམས་ཉིན་ལྟར་གྲོང་མི་1600ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད”ཅེས་ངོ་སྤྲོད་བྱས། གྲོང་མི་ཚེ་བརྟན་ཕུན་ཚོགས་ཀྱིས་སྐབས་འགར་ལག་ཐོགས་ཁ་པར་བཏོན་ནས་མེ་ཏོག་དང་། རྩྭ། རྦབ་ཆུ་བཅས་པར་བླངས་པ་དང་། སྐབས་འགར་ནང་མིར་སྣོད་བཅུད་གླིང་དུ་ཡུལ་སྐོར་དུ་སྐྱོད་པའི་མྱོང་བ་སྤེལ་རེས་བྱེད་ཀྱི་འདུག མཛེས་སྡུག་ལྡན་པའི་སྟག་གདོང་གྲོང་ཚོར་ཡང་གླིང་ཁ་གཏོང་བར་ཡོང་མཁན་གྲོང་མི་རྒྱུན་མི་ཆད་པ་དང་གྲོང་མི་བསོད་ནམས་དོན་གྲུབ་ཀྱི་ནང་མིས་རླངས་འཁོར་ནས་ཁ་གདན་དང་། བཟའ་བཅའ། བཏུང་བྱ་བཅས་དབོར་ཏེ་གླིང་ཁ་གཏོང་བཞིན་ཡོད་པ་རེད།
          བོད་ལྗོངས་ཀྱི་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་གྲོང་མིའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ་དང་ཆབས་ཅིག གྲོང་མིའི་ངལ་གསོའི་རིང་གི་སྤྲོ་གསེང་བྱ་ཐབས་ཀྱང་རིམ་གྱིས་འགྱུར་ལྡོག་ཕྱིན་ནས་ད་ཆ་ཕྱིར་བསྐྱོད་དེ་རང་བྱུང་ཁམས་ཀྱི་པང་དུ་ལོག་པ་དང་ཉོ་སྒྲུབ་དང་རོལ་རྩེད་བྱེད་རྒྱུ་དེ་ལྷ་ས་བའི་ཆེས་སྤྱིར་བཏང་གི་སྤྲོ་གསེང་བྱེད་ཐབས་ཤིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།