འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྒུལ་བདེའི་དངུལ་གཏོང་སྤྲོད་ཕྱི་རྒྱལ་དུ་སྤྱོད་ཆོག་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཡུས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་09ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            རྒྱལ་སྟོན་རིང་རྒྱལ་ཁོངས་ཕྱིའི་ཡུལ་སྐོར་ཉོ་སྒྲུབ་བྱེད་མང་བའི་ཚོང་ཁང་ཁ་ཤས་སུ་རྒྱལ་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གིས་རྒྱུས་མངའ་ཆེ་བའི་གཏོང་སྤྲོད་འབོའི་གཏོང་སྤྲོད་མཚོན་རྟགས་མཐོང་རྒྱུ་ཡོད་པ་དང་དེས་ན་རིང་མིན་གོང་དུ་ཅིང་ཏུང་དངུལ་གཏོང་སྤྲོད་ཀྱིས་ཀྱང་ཐེ་ལན་གྱི་ཁྲོམ་རར་ཞུགས་པའི་ཁྱབ་བསྒྲགས་བྱས་པ་རེད། རིགས་གཅིག་མཁས་ཅན་གྱིས་རང་རྒྱལ་གྱི་སྒུལ་བདེའི་དངུལ་གཏོང་སྤྲོད་སྒྲིག་གཞིས་གཅིག་རྗེས་གཉིས་མཐུད་ངང་ཕྱི་རྒྱལ་གྱི་ཁྲོམ་རར་ཞུགས་རྒྱུའི་བཀོད་སྒྲིག་བྱས་ཡོད་མོད། འོན་ཀྱང་ཕྱི་རྒྱལ་དུ་ཁྲོམ་ར་རྒྱ་སྐྱེད་གཏོང་བར་ཉམས་མྱོང་འདྲ་བཟོ་བྱེད་པ་ཙམ་གྱིས་སྟབས་བདེ་པོ་མེད་པར་ཡུལ་དེ་གའི་ཁྱད་ཆོས་མངོན་པར་བྱ་རྒྱུའི་ཐད་ཤུགས་རྒྱག་དགོས་ཀྱི་ཡོད་ཅེས་བཤད།
           ཉེ་བའི་ལོ་ཤས་རིང་ཀྲུང་གོའི་སྒུལ་བདེའི་དངུལ་གཏོང་སྤྲོད་ཁྲོམ་ར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་འབྲེལ་གོ་ལ་ཧྲིལ་པོའི་སྒུལ་བདེའི་དངུལ་གཏོང་སྤྲོད་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད། གྲངས་གཞི་ལས་མངོན་པར། ཀྲུང་གོའི་ན་ནིང་གི་སྒུལ་བདེའི་དངུལ་གཏོང་སྤྲོད་ཁྲོམ་རའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་ཁྲི་9ཟིན་པ་དེ་ཨ་རིའི་སྒུལ་བདེའི་དངུལ་གཏོང་སྤྲོད་ཁྲོམ་རའི་གཞི་ཁྱོན་གྱི་ལྡབ་90ཙམ་ཟིན་ཡོད། རྒྱབ་ལྗོངས་དེ་ལྟ་བུའི་འོག་རྒྱལ་ནང་དུ་སྐད་གྲགས་ཡོད་པའི་དངུལ་གཏོང་སྤྲོད་སྒྲིག་གཞི་ཁག་གཅིག་གིས་འཛམ་གླིང་དུ་ཕྱོགས་ནས་ཉམས་མྱོང་དང་ལག་རྩལ་སྤྱད་དེ་ཕྱི་རྒྱལ་གྱི་ཁྲོམ་རར་ཞུགས་ཀྱི་ཡོད།
           རྒྱལ་མཚམས་སྒྲོལ་ནས་དྲ་ཐོག་ཏུ་དངུལ་གཏོང་ཆོག་པའི་ལག་ཁྱེར་དང་པོ་ཐོབ་པའི་གཏོང་སྤྲོད་ལས་སྟེགས་ཡིན་པའི་ངོས་ནས་མ་དབྱི་ཅིན་ཕུའུ་མངའ་འོག་གི་གཏོང་སྤྲོད་འབོ་2007ལོ་ནས་བཟུང་ཕྱི་རྒྱལ་གྱི་ཁྲོམ་རར་ཞུགས་འགོ་ཚུགས་པ་དང་ལས་སྒོ་དྲ་ཐོག་ནས་དྲ་བའི་ཕྱི་རོལ་བར་འཕེལ་རྒྱས་བྱུང་ཡོད། མིག་སྔར་དངུལ་གཏོང་སྤྲོད་འབོ་འདི་ཉིད་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཀ་དང་། རི་པིན་དང་ཧན་གོ ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ། ཤང་ཀང་དང་། ཨའོ་མོན། ཐའེ་དབན་སོགས་རྒྱལ་ཁབ་དང་ས་ཁུལ་33གྱི་ཚོང་ཁང་དང་སྦྲེལ་མཐུད་བྱས་པ་དེའི་ཁྱབ་ཁོངས་ནི་བཟའ་བཏུང་དང་། སྒོ་རྩིས་ཚོང་ཁང་། བརྒྱ་ཟོག་ཚོང་ཁང་། སྟབས་བདེའི་ཚོང་ཁང་། ཁྲལ་འཇལ་མི་དགོས་པའི་ཚོང་ཁང་། བརྗོད་དོན་གཙོ་བོའི་སྤྲོ་སྐྱིད་ཁང་། ཕྱི་རྒྱལ་གྱི་གནམ་ཐང་། ཁྲལ་སློག་སོགས་བཟའ་བཏུང་སྤྲོ་སྐྱིད་བྱེད་ས་ཕལ་ཆེ་བ་ཚུད་ཡོད་པ་རེད།
           ཐེང་ཤུན་གྱི་ཚའེ་ཕུའུ་ཐུང་2012ལོར་ཕྱི་རྒྱལ་ཁྲོམ་རར་ཞུགས་པའི་ཁོངས་མིའི་གྲས་སུ་གྱུར་པ་དང་། ལོ་དེ་དག་ནང་གི་འཕེལ་རྒྱས་མགྱོགས་མྱུར་བརྒྱུད་མིག་སྔར་སྐད་འཕྲིན་གཏོང་སྤྲོད་རྒྱལ་ཁབ་དང་ས་ཁུལ་13ལྷག་ཙམ་ལ་ཁྱབ་པ་དང་གོ་ལ་ཧྲིལ་པོའི་ས་ཁོངས་ཕྱིའི་ཚོང་ཁང་ཁྲི་13ལྷག་ཙམ་ལ་ཁྱབ་ནས་ཕྱི་དངུལ་རིགས་12ཡན་མཇུག་རྩིས་རྒྱག་ཆོག་གི་ཡོད་པ་རེད།
           དེས་ན་གཏོང་སྤྲོད་འབོ་དང་ཚའེ་ཕུའུ་ཐུང་དང་བསྡུར་ན། པད་རྡོའི་མངའ་འོག་གི་པད་རྡོའི་དངུལ་ཁུག་གི་རྩ་གཉིས་ཨང་རྟགས་བཤེར་ནས་དངུལ་རྩིས་རྒྱག་པ་དེ་དར་འགོ་ཕྱི་ཙམ་ཡིན་པ་དང་ཕྱིར་བསྐྱོད་པའི་ཁྲོམ་ར་དང་པོ་ཐེ་ལན་དུ་བདམས་ཡོད། “ཐེ་ལན་ནི་ཀྲུང་གོའི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པའི་ཡུལ་སྐོར་བྱ་ཡུལ་གྲས་ཤིག་ཡིན་པ་དང་། རྒྱལ་མཚམས་སྒྲོལ་ནས་དངུལ་གཏོང་སྤྲོད་བྱེད་པའི་ཁྲོམ་རར་མི་མངོན་པའི་མཁོ་དགོས་ཆེན་པོ་ལྡན་ཡོད་པས་དེ་ཕྱི་རྒྱལ་གྱི་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད”ཅེས་པད་རྡོའི་དངུལ་ཁུག་གི་འབྲེལ་ཡོད་མི་སྣས་གོམ་སྟབས་རྗེས་མར་ཧན་གོ་དང་རི་པིན་སོགས་ཀྱི་ཁྲོམ་རར་ཞུགས་རྒྱུ་ཡིན་ཞེས་བཤད།
           ཟླ་9ཚེས་15ཉིན་ཅིང་ཏུང་དངུལ་རྩས་རྒྱལ་སྤྱི་ཅན་གྱི་ལམ་བུར་དངོས་སུ་བསྐྱོད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཁྲོམ་ར་དང་པོ་སྔར་བཞིན་ཐེ་ལན་དུ་བདམས་ཡོད། ཅིང་ཏུང་དངུལ་རྩས་ངོ་སྤྲོད་བྱས་དོན། ཀུང་སི་དེས་ཐེ་ལན་གྱི་ཧྲང་ཐའེ་ཚོགས་པ་དང་མ་དངུལ་མཉམ་བསྡུའི་ཀུང་སི་བཙུགས་ནས་ཐོག་མར་དངུལ་གཏོང་སྤྲོད་ལས་སྒོ་ལྟེ་བར་འཛིན་ཡོད་པ་རེད། དེ་བར་རྒྱལ་ནང་གི་སྐད་གྲགས་ཆེ་བའི་དྲ་སྦྲེལ་དངུལ་རྩའི་སྒྲིག་གཞི་བཞིས་དངུལ་གཏོང་སྤྲོད་ལས་སྒོར་བརྟེན་ནས་གོ་ལ་ཅན་གྱི་བཀོད་པར་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད་ཅེས་བཤད།
           ཅིང་ཏུང་དངུལ་རྩའི་ཕྱི་རྒྱལ་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་ཞུས་ལིང་གིས་ངོ་སྤྲོད་བྱས་པར། ཅིང་ཏུང་དངུལ་རྩས་ཕྱི་རྒྱལ་དུ་ཡན་ལག་ཀུང་སི་དང་མ་རྩ་མཉམ་བསྡུའི་ཀུང་སི་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཕྱི་རྒྱལ་གྱི་ཁྲོམ་རར་ཞུགས་པ་དང་། ཕྱི་རྒྱལ་དུ་གསར་གཏོད་རྣམ་པའི་ལས་སྒོ་ཧུར་ཐག་ངང་སྐྱེད་སྲིང་བྱེད་ཀྱི་ཡོད། དངུལ་གཏོང་སྤྲོད་ལས་སྒོ་ནི་ཐོག་མའི་ལས་སྒོ་ཡིན་པས་འབྲེལ་ཡོད་ལག་ཁྱེར་གྱི་ཐོབ་ཐང་རག་རྗེས་མ་རྩ་མཉམ་བསྡུའི་ཀུང་སིས་གློག་རྡུལ་དངུལ་ཁུག་དང་འཛད་སྤྱོད་དངུལ་རྩ་སོགས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། འབྱུང་འགྱུར་མ་རྩ་མཉམ་བསྡུའི་ཀུང་སིས་ད་དུང་མཁོ་སྤྲོད་སྦྲེལ་ཐག་དངུལ་རྩ་དང་འགན་བཅོལ་རྒྱུ་ནོར་བདག་གཉེར་སོགས་ཞབས་ཞུ་བྱ་རྒྱུ་ཡིན་པ་རེད།
          རིགས་གཅིག་མཁས་ཅན་གྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་སྦྲགས་ལམ་ཐིག་རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་ཡང་འཕེལ་རྒྱས་མྱུར་པོ་ཕྱིན་ནས་དེ་མཚུངས་ཀྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་དངུལ་གཏོང་སྤྲོད་དྲ་རྒྱ་འཛུགས་རྒྱུ་དེ་སླད་ཕྱིན་རྒྱལ་ནང་གི་དངུལ་གཏོང་སྤྲོད་སྒྲིག་གཞི་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།