འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།>>མཚོ་སྔོན།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟར་སྐུལ་འདེད་གཏོང་བར་
    ཐབས་ཇུས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་30ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “རྒྱལ་ཁབ་སྤྱི་གླིང་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད་ལ། འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་རེད”ཅེས་ཀྲུང་གོ་ཁོར་ཡུག་ཚན་རིག་ཁང་སྣོད་བཅུད་ཤེས་དཔལ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཞིབ་འཇུག་པ་ཀྲང་ཧུའེ་ཡོན་གྱིས་བཤད། ཟླ་9ཚེས་27ཉིན་མཚོ་སྔོན་དུ་སྤེལ་བའི་སྐབས་དང་པོའི“མཚོ་སྔོན་སྒྱུར་བཅོས་གླེང་སྟེགས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟར་སྐུལ་འདེད་གཏོང་བ”ཞེས་པའི་ཐོག་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་མཚོ་སྔོན་དུ་འཛོམས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟར་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱས་པ་རེད།
         རིག་ཚན་མི་འདྲ་བའི་རིགས་གཅིག་མཁས་ཅན་གྱིས་སྣོད་བཅུད་ཤེས་དཔལ་དང་རྒྱལ་ཁབ་སྤྱི་གླིང་འཆར་འགོད་དང་འཛུགས་སྐྲུན་སོགས་ཕྱོགས་མང་ཐད་ཇི་ལྟར་བྱས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ཇུས་གཞིར་སྐུལ་འདེད་གཏོང་ཆེད་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
         གླིང་ཁུལ་འཆར་འགོད་ཐད་ཆིང་ཧྭ་སློབ་ཆེན་མཛེས་ལྗོངས་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲའོ་ཀྲེ་ཚུང་གིས་རྒྱལ་ཁབ་སྤྱི་གླིང་ལ་སྲུང་སྐྱོང་དང་དོ་དམ་བྱེད་པར་མ་ལག་རང་བཞིན་དང་། ཚན་རིག་རང་བཞིན། རྙོག་འཛིང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས་རྒྱལ་ཁབ་སྤྱི་གླིང་གི་སྤྱི་ཡོངས་ལ་རིགས་དབྱེ་ཁག་བགོས་ཞིབ་ཕྲ་དང་། དམིགས་ཚད་སྲུང་སྐྱོང་དང་དོ་དམ་ལས་འགན་ཞིབ་བཟོ། ཁུལ་ཁག་གི་རྣམ་པ་ཞིབ་ཕྲ་དབྱེ་བ། ཁྱབ་ཁོངས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
         གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མཐོ་རིམ་བཟོ་བཀོད་པ་ཐན་ཅུན་ལེང་གིས“དེང་སྐབས་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་སྲུང་སྐྱོང་དེ་སྣོད་བཅུད་མ་ལག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས། གནོད་བཅུད་ལྟ་ཞིབ་ཚད་ལེན་ཚོད་སྐོར་བྱེད་པ། སྣོད་བཅུད་མྱོང་རོལ་ཁོར་ཡུག་སློབ་གསོ་བཅས་ཕྱོགས་བཞིའི་ཐད་ནས་དམ་འཛིན་བྱེད་དགོས”ཞེས་བཤད།
         གཙང་གསུམ་ཆུ་འགོ་སྣོད་བཅུད་ཤེས་དཔལ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་མ་ཧུང་པོ་ཡིས་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཇུས་འགོད་ཁྱབ་སྤེལ་གཏོང་བ་ནི་གཙང་གསུམ་ཆུ་འགོར་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་ཐབས་ལམ་མངོན་འགྱུར་བྱ་ཆེད་ཡིན་མོད། འོན་ཀྱང“དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་རྒྱུག་པའི”དམིགས་ཡུལ་འགྲུབ་པར་ཚོད་ལྟའི་ཇུས་འགོད་ཁོ་ནར་བརྟེན་ན་ད་དུང་འདང་གི་མེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།