འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོས་འཇིག་རྟེན་འཕུར་སྐྱོད་མཉམ་ལས་
    ཀྱི་སྒོ་འབྱེད་པར་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་30ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་27ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་རིམ་བར་སྣང་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཤིས་མོ་ནེ་ཏ་·ཏི་ཕི་པོ་ཡིས་རྒྱལ་ཁབ་གཞན་ལ་རང་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཁྱབ་ཁོངས་ཐད་སྒོ་མོ་ཕྱེ་བས་ཀྲུང་གོའི་འབད་བརྩོན་གྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅེས་བཤད།
         ཏི་ཕི་པོ་ཡིས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཨའེ་ཏེ་ལའེ་ཏེར་སྤེལ་བའི་སྐབས་68པའི་རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆེན་རིང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཐད་སྒོ་དབྱེའི་རྣམ་འགྱུར་འཛིན་པ་དང་། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་སྒོ་འབྱེད་པའི་ཐད་བྱས་པའི་འབད་བརྩོན་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཕྱི་རིམ་བར་སྣང་ལས་དོན་གཞུང་དོན་ཁང་གིས་ན་ནིང་ནས་བཟུང་འབྲེལ་ཡོད་ནང་དོན་ཐད་ཀྲུང་གོ་ཕྱོགས་དང་གྲོས་བསྡུར་བྱེད་འགོ་ཚུགས་པ་དང་མིག་སྔར་ཕྱོགས་གཉིས་དབར་སྒྲོམ་གཞིའི་གྲོས་མཐུན་བཞག་པའི་ནང་ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པས་ཀྲུང་གོའི་མི་བཞུགས་འཕུར་གྲུ་བསྡད་དེ་ཀྲུང་གོའི་བར་སྣང་ས་ཚིགས་སུ་སྐྱོད་ཆོག་པ་སོགས་ཀྱི་ནང་དོན་ཚུད་ཡོད་ཅེས་བཤད།
         ཏི་ཕི་པོ་ཡིས་ཀྲུང་གོས་ཉི་མའི་ཁྱིམ་རྒྱུད་རྟོག་ཞིབ་བྱ་རྒྱུར་མུ་མཐུད་ནུས་ཤུགས་ཆེན་པོ་བཏོན་པ་དེར་རང་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་ལ་མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལའང་ཕན་པ་ཐོབ་པར་བྱས་ཡོད། སྐར་མའི་བར་རྟོག་ཞིབ་བྱེད་པ་ནི་མིའི་རིགས་ཧྲིལ་པོའི་རྟོག་ཞིབ་ཅིག་ཡིན་པ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་ཆེ་མོ་ཚང་མས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས། ཀྲུང་གོས་ཉི་མའི་ཁྱིམ་རྒྱུད་དང་ཐ་ན་ཁྱིམ་རྒྱུད་ཕྱིའི་བར་སྣང་རྟོག་ཞིབ་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།