འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་མི་ཁྲི་270ལྷག་ཙམ་ལ་ཐུམ་འབུའི་
    ནད་གྲལ་བཤེར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་29ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་ཀྱིས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་བདེ་ཐང་དབུལ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཐུམ་འབུའི་ནད་འགོག་བཅོས་ཁོ་ནའི་ཐད་རིམ་རྩིས་བརྒྱབ་ན། མི་ཁྲི་270ལྷག་ཙམ་ལ་གྲལ་བཤེར་བྱས་པ་རེད།
           རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྥེ་ཨན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་བཙའི་ཁོངས་གཏོགས་ཀྱིས་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་འཕྲོད་བསྟེན་དང་འཆར་བཙའི་བྱ་གཞག་འཕེལ་རྒྱས་ཐད་རོགས་སྐྱོར་ཧུར་ཐག་བྱས་པ་མ་ཟད། ད་དུང་བདེ་ཐང་དབུལ་སྐྱོར་གྱི་ལས་དོན་ཡང་སྤེལ་ཡོད། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྒྱུན་ཆད་མེད་པར་མང་དུ་སོང་བ་དང་། ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། མང་ཚོགས་ཀྱི་བདེ་ཐང་དམིགས་ཚད་ཁག་བརྟན་པོའི་ངང་འཕར་བ། བདེ་ཐང་དབུལ་སྐྱོར་དང་འཕྲོད་བསྟེན་དང་འཆར་བཙའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བཅས་བྱུང་ཡོད།
           རྒྱལ་ཁབ་ཀྱིས་ཀྲུང་དབྱང་གི་གཏོང་སྤྲོད་གཞན་སྒྱུར་སོགས་ཀྱི་ཐབས་ལ་བརྟེན་ནས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད་སོགས་ས་ཁུལ་གྱི་ནད་དང་འགོ་ནད་འགོག་བཅོས་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཚོད་ལྟ་ཧུར་ཐག་བྱས་ནས་མི་ཁྲི་270ལྷག་ཙམ་གྱི་གྲལ་བཤེར་ལས་དོན་ལེགས་གྲུབ་ཟིན་ཏེ་ཞིང་འབྲོག་ཁུལ་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། མིག་སྔར་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་གྲུམ་བུ་ཚིགས་ཆེན་ནད་ཚོད་འཛིན་ནུས་ལྡན་ཐུབ་ཡོད། སི་ཁྲོན་དང་ཀན་སུའུ་བོད་རིགས་ས་ཁུལ་དུ་གྲུམ་བུ་ཚིགས་ཆེན་ནད་མེད་པ་བཟོས་པའི་གྲོང་ཚོ་100%དང་98.6%སོ་སོར་ཟིན་གྱི་ཡོད།
           རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་འབྲེལ་ཡོད་ཞིང་ཆེན་གྱིས་མི་འབོར་དབུལ་པོའི་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མང་དུ་གཏོང་བ་དང་མི་འབོར་དབུལ་པོ་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་ནང་འཇུག་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་། ཧྲེན་ཀྲེན་སོགས་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱིས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་ཀྱི་བོད་སྐྱོར་དང་རིག་ནུས་བོད་སྐྱོར་ལས་དོན་ཤུགས་ཆེན་སྤེལ་ཡོད་པ་རེད། 2016ལོ་ཁོ་ནར་ཞིང་ཆེན་དང་གྲོང་ཁྱེར་8ཀྱིས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་6.9བཏང་ཡོད།
           ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ནི་རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུར་གཏན་འཁེལ་བྱས་པའི་ཤིན་ཏུ་དབུལ་པོའི་ས་ཁུལ་ཡིན་ཞིང་། 2016ལོའི་ལོ་མཇུག་བར་དབུལ་པོ་ཆགས་ཚད་སྔར་བཞིན་20%ཡས་མས་སུ་གནས་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་ནི་ཁྱིམ་ཚང་དབུལ་པོར་འགྱུར་རྐྱེན་གཙོ་བོའི་གྲས་ཤིག་ཡིན། ཐུམ་འབུའི་ནད་དང་གྲུབ་བུ་ཚིགས་ཆེན་ནད་སོགས་ས་མཐོར་ཐོན་མང་བའི་ནད་གཞིས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་ཡི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།