འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བྱ་སྤྱོད་ཆེན་པོ་ལྔ་ལ་བརྟེན་ནས་རང་རྒྱལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་
    གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་26ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཐའོ་ལིན་གྱིས་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་ཡུན་རིང་ལ་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན། མིག་སྔའི་ཁ་ཚ་དགོས་གཏུག་གི་བྱ་བ་ནི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བྱ་སྤྱོད་ཆེན་པོ་ལྔ་ལག་བསྟར་བྱས་ནས་ཞིང་ལས་ཐོན་ཁུངས་སྤྱོད་ཚད་མང་དུ་དང་སྦགས་བཙོག་ཆེ་རུ་འགྲོ་བའི་རྣམ་པ་ཞི་ལྷོད་དུ་ཧུར་ཐག་གཏོང་རྒྱུ་དེ་རེད་ཅེས་བརྗོད།
           ཀྲང་ཐའོ་ལིན་གྱིས་ཞིང་ལས་པུས་གཙོ་གཉེར་བྱས་པའི་ཀྲུང་གོ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་བྱ་སྤྱོད་ཆེན་པོ་ལྔ་དེ་དག་ངོ་སྤྲོད་བྱས་པ་རེད།
           ཕྱུགས་ཟོག་དང་ཁྱིམ་བྱའི་བྲུན་ལུད་ཀྱི་ཐོན་ཁུངས་ཅན་བེད་སྤྱོད་བྱ་སྤྱོད། འབྲོག་ལས་རྫོང་ཆེན་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་ར་བ་གཙོ་བོར་བཟུང་ནས་འདེབས་གསོ་ཟུང་འབྲེལ་དང་ཞིང་འབྲོག་འཁོར་རྒྱུག་གི་ལམ་སྲོལ་བཙུགས་པ་དང་། འདི་ལོར་འབྲོག་ལས་རྫོང་ཆེན་100རུ་རྫོང་ཧྲིལ་པོའི་ཕྱུགས་ཟོག་དང་ཁྱིམ་བྱའི་བྲུན་ལུད་ཐོན་ཁུངས་ཅན་གྱི་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གཞི་ཁྱོན་ཆེ་བའི་ཕྱུགས་ཟོག་དང་ཁྱིམ་བྱ་གསོ་ཚགས་ར་བའི་བྲུན་ལུད་བཅོས་སྒྲིག་དང་ཐོན་ཁུངས་ཅན་གྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
          ཤིང་ཏོག་དང་སྔོ་ཚལ་དང་ཇ་སྡོང་གི་སྐྱེ་ལྡན་ཚབ་བྱེད་རྫས་ལུད་བྱ་སྤྱོད། ཤིང་ཏོག་དང་སྔོ་ཚལ་དང་ཇ་སྡོང་ཐོན་སྐྱེད་བྱེད་མཁན་གཙོ་གནད་རྫོང་100རུ་ཚོད་ལྟ་བྱས་ནས་འདེབས་གསོ་ཟུང་འབྲེལ་དང་འཁོར་རྒྱུག་འཕེལ་རྒྱས་མངོན་འགྱུར་བྱས་པ་དང་། 2020ལོར་སླེབས་སྐབས་ཤིང་ཏོག་དང་སྔོ་ཚལ་དང་ཇ་སྡོང་གི་ལེགས་ལྡན་ཐོན་སྐྱེད་ཁུལ་གྱི་རྫས་ལུད་སྤྱོད་ཚད་20%ཡན་ཉུང་དུ་གཏོང་རྒྱུ་དང་། ཤིང་ཏོག་དང་སྔོ་ཚལ་དང་ཇ་སྡོང་གི་ལྟེ་བའི་ཐོན་སྐྱེད་ཁུལ་དང་སྤུས་རྟགས་གྲགས་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་རྫས་ལུད་སྤྱོད་ཚད་50%ཡན་ཉུང་དུ་གཏོང་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།
           བྱང་ཤར་ས་ཁུལ་གྱི་སོག་མ་བཅོས་སྒྲིག་བྱ་སྤྱོད། བྱང་ཤར་ས་ཁུལ་གྱི་མ་རྨོས་ལོ་ཏོག་ཐོན་སྐྱེད་རྫོང་གཙོ་བོ་60ཡིས་སོག་མ་ཕྱོགས་བསྡུས་བེད་སྤྱོད་ཚོད་ལྟ་བྱས་ནས་འདྲ་སྤེལ་བྱ་ཆོག་པ་དང་ཁྱབ་གདལ་གཏང་ཆོག་པའི་ཕྱོགས་བསྡུས་བེད་སྤྱོད་བྱེད་སྟངས་འཚོལ་ཞིབ་བྱས་པ་དང་། 2020ལོར་སླེབས་སྐབས་བྱང་ཤར་ས་ཁུལ་གྱི་སོག་མ་ཕྱོགས་བསྡུས་སྤྱོད་ཚད་80%ཡན་ཟིན་པར་བྱས་ནས་སོག་མ་ཏུན་ཁྲི་2700ལྷག་ཙམ་བེད་སྤྱོད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
          ཞིང་སྤྱོད་འགྱིག་ཤོག་ཕྱིར་བསྡུའི་བྱ་སྤྱོད། འདི་ལོར་ཀན་སུའུ་སོགས་སུ་བཅོས་སྒྲིག་དཔེ་སྟོན་རྫོང་100བཙུགས་ནས་འགྱིག་ཤོག་བཀོལ་སྤྱོད་དང་། འཕྲུལ་ཆས་ཅན་གྱི་ཕྱིར་སྒྲུག ཆེད་ལས་ཅན་གྱི་ཕྱིར་བསྡུ། ཐོན་ཁུངས་ཅན་གྱི་བེད་སྤྱོད་བཅས་གཙོ་རྒོལ་ཁ་ཕྱོགས་སུ་བཟུང་སྟེ་ཡུག་ཁུལ་དང་ཡང་ན་རྫོང་ཧྲིལ་པོར་སྐུལ་སྤེལ་བཏང་བ་དང་། 2020ལོར་སླེབས་སྐབས་ཞིང་སྤྱོད་འགྱིག་ཤོག་ཕྱིར་བསྡུ་བྱེད་ཚད་80%ཡན་ཟིན་པར་བྱས་ནས་ཞིང་ནང་འགྱིག་ཤོག་གི་སྦགས་བཙོག་ཚོད་འཛིན་བྱ་རྒྱུ་རེད།
           འབྲི་ཆུ་གཙོ་གནད་དུ་བྱས་པའི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་བྱ་སྤྱོད། 2020ལོར་སླེབས་སྐབས་འབྲི་ཆུའི་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ཇེ་ཞན་དུ་འགྲོ་བ་དང་། ཆུ་ཁོངས་སྣོད་བཅུད་ཁོར་ཡུག་ཇེ་ཞན་དུ་འགྲོ་བ། ཆུ་སྐྱེས་སྐྱེ་དངོས་སྣ་ཁ་ཉུང་དུ་འགྲོ་བ་བཅས་ཀྱི་རྣམ་པ་ཚོད་འཛིན་ནུས་ལྡན་བྱས་ཏེ། འབྲི་ཆུའི་རྒྱུད་ཀྱི་ཆུ་སྐྱེས་ཐོན་ཁུངས་སླར་གསོ་ཐུབ་ནས་མཚོ་ཐོག་འཛིན་ཚད་དང་ཉ་ལས་ཐོན་ཁུངས་ཀྱི་ཐེག་ནུས་དོ་སྙོམས་ཡོང་བར་བྱ་རྒྱུ་བཅས་རེད།
          ཁོང་གིས། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེས་འགག་རྩ་དང་ཆེས་རྩ་བར་གྱུར་པའི་བྱེད་ཐབས་གཙོ་ཆེ་ཤོས་ནི་ཚན་རྩལ་གསར་གཏོད་ལ་བརྟེན་རྒྱུ་དེ་ཡིན་ཞིང་། སླད་ཕྱིན་ཚན་རྩལ་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ལག་རྩལ་ཁྱབ་སྤེལ་ཤུགས་ཆེན་བྱེད་པ། སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བརྒྱུད་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ“ཚན་རྩལ་གྱི་གཤོག་ཟུང”སྒེར་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།