འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་
    ཧུར་ཐག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན་གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་པ་ཡན་ནའོ་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་དང་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བགྲོ་གླེང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2015ལོ་ནས་2017ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་52བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཡུལ་བབ་དང་བསྟུན་ནས་མཉམ་འདྲེས་གསར་གཏོད་དང་ཁེ་ཕན་མཉམ་འབྲེལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ཁག་གི་ཐོན་ལས་འཁོར་འབྲེལ་གྱི་སྣུར་སྲིང་ལ་རྒྱབ་སྐྱོར་བྱ་རྒྱུར་དམིགས་ནས་ཞིང་ལས་ཀྱི་ནུས་མང་རྒྱ་ཆེར་བཏང་སྟེ་ཞིང་ལས་ནང་ངོས་ནུས་ལྡན་ཟུང་འབྲེལ་དང་། ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་མཉམ་འདྲེས། ཞིང་ལས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་མཉམ་འདྲེས། ཞིང་ལས་ཀྱི་ནུས་པ་རྒྱ་སྐྱེད་མཉམ་འདྲེས། ཚན་རྩལ་ཁྱབ་གདལ་འཕེལ་རྒྱས་མཉམ་འདྲེས་སོགས་ཐབས་ལམ་སྣ་མང་གི་འཕེལ་རྒྱས་མཉམ་འདྲེས་བྱེད་ཐབས་འཚོལ་ཞིབ་བྱས་ཡོད།
          དེ་དང་ཆབས་ཅིག་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་དེ་ད་དུང་ཞིང་པའི་འབབ་འཕར་ལ་སྣེ་ཁྲིད་ཐུབ་པའི་གསར་དར་གཉེར་སྐྱོང་བྱེད་པོ་དང་ཞིང་ལས་ཐོན་ལས་ཅན་གྱི་ཞིང་ལས་ཁེ་ལས་ལ་བཏང་ནས་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་དང་། ཚོད་ལྟའི་དཔེ་སྟོན་དང་། རྣམ་གྲངས་སྣེ་ཁྲིད། མངགས་ཐོའི་ཞིང་ལས། མ་རྐང་མཉམ་ལས། ནོར་སྲིད་མ་དངུལ་གྱི་མ་རྐང་དབང་ཆ་དུད་ཚང་དུ་ཚད་འབེབས་བྱེད་པ་སོགས་བྱེད་ཐབས་མང་པོར་བརྟེན་ནས་ཞིང་པ་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཁེ་ཕན་ལུགས་མཐུན་བགོ་བཤའི་ནང་ཞུགས་རྒྱུར་རོགས་རམ་བྱས་ཡོད།
          གསར་འགོད་པས་ད་དུང་ཤེས་རྟོགས་བྱུང་བར། 2014ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་། 2014ལོ་ནས་2017ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ཆེད་དོན་ལས་དོན་ལ་གཞིགས་ནས་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་125.37བཏང་སྟེ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ་དང་། རྫོང་དང་། ཤང་། གྲོང་གསེབ་བཅས་རིམ་གསུམ་ཟོག་འདྲེན་མ་ལག་འཐུས་སྒོ་ཚང་དུ་བཏང་བ། ཞིང་ཞོར་ཐོན་ཟོག་ཚད་ལྡན་ཅན་དང་སྤུས་རྟགས་ཅན་དུ་སྐྱེད་སྲིང་བྱེད་པ་དང་སྤུས་ཚད་ཀྱི་འགན་ལེན་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་པར་བརྟེན་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་གཏོད་དང་ཞིང་པའི་ལས་ཞུགས་འབབ་འཕར། ཐོན་ཚོང་མཉམ་འདྲེས་བཅས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2017ལོའི་ཟླ་1ནས་ཟླ་8བར་རྒྱལ་ཡོངས་གྲོང་གསེབ་ཀྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་7290ཟིན་པ་དེ་དུས་མཚུངས་ལས་38.1%འཕར་བ་དང་། གྲོང་ཁྱེར་ལས་བརྒྱ་ཆའི་གྲངས་5.6འཕར་ཡོད་པ་རེད། མིག་སྔའི་བར། གྲོང་གསེབ་ཏུ་དྲ་ཐོག་ཚོང་ཁང་ཁྲི་832ཡོད་པ་དང་མི་ཁྲི་2000ལྷག་ཙམ་ལས་གཏོད་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།