འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་ཀྱི་གནས་བབ་བརྟན་ལ་ལེགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་25ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བཟའ་བཅའི་བདེ་འཇགས་ཀྱི་གཏོགས་ཁོངས་ས་ཆའི་དོ་དམ་འགན་འཁྲིར་སྔར་བས་ཤུགས་སྣོན་རྒྱག་པ་དང་བཟའ་བཅའི་བདེ་འཇགས་ཀྱི་འགན་ལེན་ཆུ་ཚད་མཐོ་རུ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སུ་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་ཐོག་མར་བྱས་པ་རེད། ཟླ་9ཚེས་22ཉིན། བཟའ་བཅའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་ཕྱོགས་སྡོམ་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཟའ་བཅའི་བདེ་འཇགས་གཞུང་ལས་ཁང་གི་ཀྲུའུ་རེན་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྡོམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་པི་ཅིན་ཆོན་གྱིས་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་ལ་མཐོང་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་ཀ་སྒྲུབ་ཤུགས་ཆེ་བ་དང་། ལྟ་སྡོམ་བྱེད་ཐབས་ནན་པ། བཟའ་བཅའི་བདེ་འཇགས་ཀྱི་འགན་ལེན་ཆུ་ཚད་ལེགས་པ། གནས་བབ་བརྟན་ལ་ལེགས་པོ་ཡོད་ཅེས་བརྗོད།
          ཟླ་8པའི་ཟླ་སྨད་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་14སྔ་རྗེས་སུ་མངགས་པ་དང་གཟའ་འཁོར་གསུམ་གྱི་རིང་རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་གྱི་བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ལྟ་སྐུལ་ཞིབ་བཤེར་དངོས་འབྲེལ་དང་དངོས་འཛིན་བཙན་འཐབ་ཀྱིས་ལྟ་སྐུལ་ཞིབ་བཤེར་ལ་ཕན་འབྲས་ཐོབ་པར་བྱ་རྒྱུ་དང་། ཚད་གཞི་ཞིབ་ཚགས་དང་། ལྟ་སྡོམ་དམ་ནན། ཆད་གཅོད་ནན་པོ། འགན་འཁྲི་གཟབ་ནན་བཅས་བདའ་འདེད་བྱས་ནས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་མཐའ་འཁྱོངས་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།
          ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་ཐད་སྙན་སེང་ཉན་པ་དང་། དཔྱད་ཡིག་ཞིབ་དཔྱད། བབ་བསྟུན་གནས་འདེམས། མངོན་བཤེར་ལྐོག་ཞིབ། ཡུལ་དངོས་ཞིབ་བཤེར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་གནས་ཚུལ་ངོ་མ་ཤེས་རྟོགས་དང་དམངས་ཀྱི་འདོད་ཚུལ་ལ་ཉན་ཞིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བདེན་འཚོལ་དངོས་སྒྲུབ་བྱས་པ་སྟེ་ས་གནས་ཁག་གིས་བཟའ་བཅའི་བདེ་འཇགས་ལས་དོན་འགན་ལེན་ཐད་ཀྱི་བསྒྲུབས་པའི་འབད་བརྩོན་དང་། བླངས་པའི་ཕན་འབྲས། བཏོད་པའི་ཉམས་མྱོང་བཅས་ལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་ཁར། ཐག་གཅོད་དགོས་པའི་གནད་དོན་དང་ཇེ་ལེགས་སུ་གཏོང་དགོས་པའི་ཞན་ཆ་ཁག་གཅིག་ཀྱང་རྩད་ཆོད་པ་རེད།
          ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་གྱི་ཐོག་ནས་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྔར་བས་མཐོང་ཆེན་བྱ་རྒྱུར་སྐུལ་མ་ཐེབས་ཤིང་། པེ་ཅིང་དང་། ཧེ་ལུང་ཅང་། ཧྲང་ཧའེ། ཨན་ཧུའེ། ཧྥུའུ་ཅན། ཅང་ཤིས། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཀོང་ཏུང་། ཀོང་ཤིས། ཧའེ་ནན། སི་ཁྲོན། བོད་ལྗོངས། མཚོ་སྔོན་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་དབར་བསམ་འཆར་བརྗེ་རེས་བྱས་པ་དང་། ཁོང་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་གོ་སྐབས་བཟང་པོར་བརྩིས་ནས་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་དང་། བཟའ་བཅའི་བདེ་འཇགས་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་ལས་གྲྭ་ཆེན་པོར་བརྩིས་ནས་དམ་འཛིན་བྱ་རྒྱུ་ཡིན་ཞེས་བརྗོད་ཅིང་། ཧོ་པེས་ལྟ་སྐུལ་ཞིབ་བཤེར་མཇུག་འགྲིལ་རྗེས་ལམ་སེང་བཟའ་བཅའི་བདེ་འཇགས་ཀྱི་ཏང་སྲིད་འགན་གཅིག་གི་བསམ་འཆར་དཔར་འགྲེམས་བྱས་པ་དང་། པེ་ཅིང་དང་། ཅི་ལིན། ཧྲང་ཧའེ། ཀྲེ་ཅང་། ཨན་ཧུའེ། ཧུའུ་ནན། ཁྲུང་ཆིང་། སི་ཁྲོན། ཧྲའན་ཤིས། ཉིང་ཞ། ཤིན་ཅང་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱིས་བཟའ་བཅའི་བདེ་འཇགས་ཀྱི་ཏང་སྲིད་འགན་གཅིག་གི་བྱེད་ཐབས་བཟོ་བ་དང་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་རྒྱུ་དང་། ཡུན་ནན་དང་ཀུའེ་ཀྲོའུ་ཡིས་གྲོང་ཁྱེར་(ཀྲོའུ)ཡོངས་ལ་ཏང་སྲིད་འགན་གཅིག་གི་བླང་བྱ་སྔར་བས་དོན་འཁྱོལ་བྱ་རྒྱུའི་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།
          ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་བཟའ་བཅའི་བདེ་འཇགས་ཀྱི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་སྔར་བས་དོན་འཁྱོལ་ཐུབ་རྒྱུར་སྐུལ་མ་ཐེབས་ཤིང་། ཐེན་ཅིན་དང་། ཧྲན་ཤིས། ཧེ་ལུང་ཅང་། ཅང་ཤིས་སོགས་ཀྱིས་ལྟ་སྐུལ་ཞིབ་བཤེར་མ་བྱས་གོང་བཟའ་བཅའི་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ལ་བཟོ་བཅོས་བརྒྱབ་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཧོ་པེ་དང་། ཐེན་ཅིན། ནང་སོག་སོགས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་སྟོབས་ཤུགས་ཆེ་རུ་བཏང་བ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”བཟའ་བཅའི་བདེ་འཇགས་ཀྱི་འཆར་འགོད་བཏོན་པ། ཀན་སུའུ་ཡིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་བཏོན་པ། ལེའོ་ཉིང་གིས་བཟའ་བཅའི་བདེ་འཇགས་ལས་དོན་དེ་སྲིད་གཞུང་གི་ལས་རྗེས་དཔྱད་ཞིབ་ནང་གི་གལ་ཆེ་ཚད་1%ནས་3%བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
          ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་ས་གནས་ཀྱིས་བཟའ་བཅའི་བདེ་འཇགས་ཐད་འཕྲད་པའི་ཉེན་ཁ་སྔོན་འགོག་ལ་སྔར་བས་མཐོང་ཆེན་བྱ་རྒྱུར་སྐུལ་མ་ཐེབས་ཤིང་། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་ཁག་གཅིག་ཏུ་ལྷགས་པའི་ཞིང་སྨན་དང་ཕྱུགས་སྨན་སྒྲིག་འགལ་ངང་ཐོན་སྐྱེད་དང་། ཚོང་གཉེར། བེད་སྤྱོད་བཅས་ཀྱི་གནད་དོན་དང་། བཟོ་ཁང་ཆུང་ངུ་དང་། དྲ་ལམ་ནས་ཟ་མ་མངགས་ཉོ། སློབ་གྲྭ་དང་ཉེ་འཁོར་གྱི་བཟའ་བཅའ་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན། དེ་བཞིན་གཞི་རིམ་གྱི་ལྟ་སྡོམ་ནུས་པ་ཞན་པ་དང་། དཔུང་ཁག་ཆེད་ལས་ཅན་གྱི་ཆུ་ཚད་ཞན་པ། ཞིབ་བཤེར་ཚད་ལེན་ལག་རྩལ་གྱི་རྒྱབ་སྐྱོར་དཀོན་པ་སོགས་ཀྱི་གནད་དོན་སོགས་ཡུལ་དེ་གའི་སྲིད་གཞུང་ལ་ཇི་མ་ཇི་བཞིན་སྙན་སེང་ཞུས་ཡོད། ས་གནས་ཁག་གི་སྲིད་གཞུང་གིས་རང་སའི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་འཇུག་ནན་ཏན་བྱས་ཏེ་དམིགས་ས་ལྡན་པའི་ཐག་གཅོད་ཀྱི་ཐབས་ལམ་བཏོན་པ་དང་། ལྟ་སྡོམ་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་སྲུང་གིས་ཁོངས་གཏོགས་ཁུལ་གྱི་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་ཡོད།
          ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ལམ་ལུགས་ཀྱི་གནོན་ཤུགས་བརྒྱུད་ཁྲིད་ལ་སྐུལ་མ་ཐེབས་ཤིང་། ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་བབ་བསྟུན་རང་བཞིན་མངོན་གསལ་དོད་པ་སྟེ། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་འཐེན་བཤེར་བྱ་ཡུལ་སྔོན་ལ་གསང་བ་དང་ས་གནས་ས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།