འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་སི་ཐ་རི་ཁའི་དུད་ཚང་དབུལ་པོའི་བུ་ཕྲུག་གི"རྒྱ་ཡིག་སྦྱོང་འདོད་པའི་ཕུགས་འདུན"སྐྱོང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཁོ་སི་ཐ་རི་ཁ་ཕུ་ལའར་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁང་སྒོ་རྟགས་ཨང་4པར་སྐྱོད་སྐབས་སློབ་གྲྭའི་སྒྲིག་ཆས་ཅུང་སྟབས་བདེ་དང་སློབ་ཁང་གི་སྒྲོག་ཙེ་དང་རྐུབ་སྟེགས་ཡུན་རིང་བེད་སྤྱོད་བྱས་ནས་རྙིང་པར་གྱུར་ཡོད་ལ་སློབ་གྲྭའི་ཁང་པ་ཐོག་གཅིག་མ་སྟར་པ་འགའ་ཡོད་པ་ཚང་མ་ཆ་རྐྱེན་ཞན་ཡང་དེ་དག་གི་རྐྱེན་པས་སློབ་མ་ཚོས་རྒྱ་ཡིག་སློབ་སྦྱོང་བྱེད་པའི་སྤྲོ་སེམས་ལ་ཤུགས་རྐྱེན་གཏན་ནས་ཐེབས་མེད།
           2016ལོར་སློབ་གྲྭ་དེས་སློབ་མ་60གདམ་གསེས་བྱས་པ་བརྒྱུད་ཁོ་སི་ཐ་རི་ཁ་སྤྱི་སྤྱོད་སློབ་གསོ་པུའུ་དང་ཁོ་སི་ཐ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་མཉམ་འབྲེལ་ཐོག“ང་ཚོས་རྒྱ་སྐད་ཤོད”ཅེས་པའི་རྣམ་གྲངས་སྲོལ་གཏོད་བྱས་ཡོད། དེས་སློབ་མ་ཚོའི་སྤྲོ་སྣང་རབ་ཏུ་འཕེལ་ནས་ཧུར་སེམས་སྐོང་འཐེན་གང་ལེགས་བྱུང་ཡོད།
          མིག་སྔར“ང་ཚོས་རྒྱ་སྐད་ཤོད”ཅེས་པའི་རྣམ་གྲངས་དེ་ཁོ་སི་ཐ་རི་ཁའི་གཞུང་བཙུགས་སློབ་གྲྭ་10ལ་ཁྱབ་ཡོད་པ་དང་དེའི་ནང་ནས་སློབ་གྲྭ་ཕལ་ཆེ་བ་དཔལ་འབྱོར་འཕེལ་རྒྱས་ཅུང་རྗེས་ལུས་ཀྱི་ས་ཁུལ་དུ་གནས་ཡོད་པ་དང་། ལྷག་པར་དུ་རྣམ་གྲངས་ནང་ཁག་དང་པོར་ཞུགས་མཁན་སློབ་གྲྭ་6ཚང་མ་ས་གནས་སྲིད་གཞུང་གིས་སློབ་གསོའི་རོགས་སྐྱོབ་རྣམ་གྲངས་ནང་བཅུག་ཡོད་པ་རེད།
          ཕུ་ལའར་ལས་རིགས་ལག་རྩལ་སློབ་གྲྭའི་ཞའོ་ཀྲང་མ་ཆའོ་ལི་·ཁ་སི་ཐེ་ལུའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། “ང་ཚོས་རྒྱ་སྐད་ཤོད”ཅེས་པའི་རྣམ་གྲངས་ནང་ཞུགས་མཁན་སློབ་མ་ཚོས་གཟའ་འཁོར་རེར་སྐར་མ་40ཙམ་གྱི་སློབ་ཚན་ཐེངས་ལྔ་ཚོགས་པའི་ནང་ཞུགས་དགོས་པ་དང་སློབ་ཚན་དེའི་ནང་ཞུགས་རྒྱུར་སློབ་མ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཡིག་རྒྱུགས་བཀོད་སྒྲིག་མ་བྱས་ཀྱང་སློབ་མ་ཚོས་སློབ་བྱོལ་གཏན་ནས་མི་བྱེད་པའི་ཁར་ད་དུང་སྦྱོང་ཚན་ཚང་མ་ལེགས་གྲུབ་ཡག་པོ་བྱེད་ཀྱི་ཡོད། རྒྱ་ཡིག་སློབ་ཚན་དང་སློབ་ཚན་གཞན་དུས་གཅིག་ཏུ་མཉམ་དུ་འཁེལ་སྐབས་སློབ་མ་ཚང་མས་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་གདམ་ག་བྱེད་ཀྱི་ཡོད།
          མ་ཆའོ་ལི་ཡིས་མིག་སྔར་སློབ་མ་དེ་དག་ལ་རྒྱ་ཡིག་གི་ཆུ་ཚད་ལྡན་པའི་ལག་ཁྱེར་ཨང་དང་པོ་ཐོབ་ཟིན་པས་ཁོང་ཚོ་རྒྱ་ཡིག་ཆུ་ཚད་ཀྱི་ཁས་ལེན་དཔང་འདོན་ཐེངས་གཉིས་པའི་ནང་མུ་མཐུད་ཞུགས་རྒྱུ་རེད། འདི་ལོ་སློབ་མ་གསར་པ་ཁག་གཅིག་ཀྱང་རྒྱ་ཡིག་སློབ་སྦྱོང་གི་རྣམ་གྲངས་ནང་ཞུགས་རྒྱུ་རེད། སློབ་གྲྭའི་ངོས་ནས་བརྗོད་ན་དེ་ནི་མི་རྣམས་དགའ་བ་སྐྱེ་བ་དང་སེམས་འགུལ་ཐེབས་པའི་བྱ་བ་ཞིག་རེད་ཅེས་བརྗོད།
          ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་ལག་བསྟར་ལོ་གཅིག་ལྷག་ཙམ་བྱས་པའི“ང་ཚོས་རྒྱ་སྐད་ཤོད”ཅེས་པའི་རྣམ་གྲངས་ཀྱིས་སློབ་མ་255ལ་རོགས་རམ་བྱས་པས་ཀྲུང་གོའི་རྒྱལ་ཁབ་རྒྱ་ཡིག་རྒྱལ་སྤྱིའི་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱ་ཡིག་ཡིག་རྒྱུགས་གསར་པའི་རིམ་པ་དང་པོའི་ལག་ཁྱེར་ཐོབ་ཡོད་པ་རེད།
          ཁོ་སི་ཐ་རི་ཁ་སྤྱི་སྤྱོད་སློབ་གསོ་པུའི་རྣམ་གྲངས་དེའི་འགན་འཁུར་མཁན་མཐུན་སྦྱོར་བ་དབུན་ཏི·ཤིས་མོན་ཉི་སིས་རྣམ་གྲངས་དེས་ཁོ་སི་ཐ་རི་ཁའི་དུད་ཚང་དབུལ་པོའི་བུ་ཕྲུག་ལ་སློབ་སྦྱོང་གི་གོ་སྐབས་དངོས་འབྲེལ་སྐྲུན་ནས་ཁོང་ཚོའི་འཚོ་བར་འགྱུར་ལྡོག་གཏོང་ཆེད་གོ་སྐབས་མཁོ་འདོན་བྱ་རྒྱུར་གཞོལ་གྱི་ཡོད། ཁོ་སི་ཐ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཀྲུང་གོ་དང་ཁོ་སི་ཐ་རི་ཁ་རིག་གནས་སློབ་གསོ་ལྟེ་གནས་ཀྱི་རྒྱབ་སྐྱོར་འོག་ཁོ་སི་ཐ་རི་ཁས་རྣམ་གྲངས་དེའི་འཆར་གཞི་ལག་ལེན་བསྟར་འགོ་བཙུགས་ཏེ་སློབ་མ་300ལྷག་ཙམ་ལ་དུས་ཐུང་ནང་རྒྱ་ཡིག་ཁོང་དུ་ཆུད་པ་དང་འབྲེལ་རྒྱལ་སྤྱིའི་རྒྱ་ཡིག་ཆུ་ཚད་ཀྱི་ཁས་ལེན་དཔང་འདོན་ཐོབ་ཡོད་ཅེས་བརྗོད།
          རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་དེས་ཀྱང་ཁོ་སི་ཐ་རི་ཁའི་སློབ་མ་ཚོར་ཕྱི་རོལ་གྱི་འཇིག་རྟེན་ཤེས་རྟོགས་ཐུབ་པའི་སྐར་ཁུང་ཞིག་བཏོད་ཡོད། འདི་ལོ་གཉེར་བའི་ཁོ་སི་ཐ་རི་ཁའི་སློབ་འབྲིང་སློབ་མའི“རྒྱ་སྐད་སྦྲེལ་ཟམ”ཞེས་པའི་འགྲན་བསྡུར་ནང་གཞུང་བཙུགས་སློབ་གྲྭའི་སློབ་མ་པུའུ་ལི་ཐ་ཉི་·མ་ཏེ་ལི་ཅའར་དང་ཤི་མེ་ན་·མ་ལིང་འགྲན་བསྡུར་ནང་ཞུགས་ཐེངས་དང་པོར་གྲུབ་འབྲས་ཡག་པོ་ཐོབ་ནས་ཀྲུང་གོར་བསྐྱོད་དེ“རྒྱ་ཡིག་སྦྲེལ་ཟམ”གྱི་མཐའ་བསྡུར་ནང་ཞུགས་རྒྱུའི་གོ་སྐབས་རག་ཡོད།
         “རྒྱ་ཡིག་སློབ་སྦྱོང་བྱས་ན་རང་ཉིད་སློབ་ཆེན་ཡག་པོ་ཞིག་ཏུ་བསྐྱོད་ཐུབ་པ་མ་ཟད། གལ་སྲིད་ངས་འབད་བརྩོན་བྱས་ཚེ་ད་དུང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཡང་ཐོབ་སྲིད། གལ་སྲིད་ད་དུང་མུ་མཐུད་འབད་བརྩོན་བྱས་ཚེ་དེས་རང་ཉིད་ཀྲུང་གོ་ཕུད་པའི་ཕྱི་རྒྱལ་གྱི་རྒྱལ་ཁབ་གཞན་ལའང་ལྟ་བར་འགྲོ་ཐུབ”ཅེས་ཤི་མེ་ནས་བརྗོད།
         “གལ་སྲིད་རང་ཉིད་ལོ་གཉིས་ནང་ཚུན་དུ་སློབ་འབྲིང་ནས་ཐོན་ཚེ་ཀྲུང་གོར་ཟླ་བ་དྲུག་སློབ་སྦྱོང་བྱེད་པར་འགྲོ་ཆོག ཀྲུང་གོར་ང་ལ་གྲོགས་པོ་ཡོད། ཁོང་ཚོས་ང་ལ་སྒྲ་གདངས་འདོན་སྟངས་ཐད་རོགས་པ་བྱེད་ཀྱི་རེད། གལ་སྲིད་རང་ཉིད་ཀྲུང་གོར་ལས་ཀ་བྱེད་པའི་གོ་སྐབས་བྱུང་ན་འགྲོ་འདོད་ཡོད། ངའི་ཕུགས་འདུན་ནི་ཀྲུང་གོར་བསྐྱོད་ནས་དེ་གར་འཚོ་བ་སྐྱེལ་རྒྱུ་དེ་ཡིན”ཞེས་ལོ་16ལ་སོན་པའི་པུའུ་ལི་ཐ་ཉིས་གསར་འགོད་པར་རེ་བས་ཁེངས་བཞིན་དུ་རང་ཉིད་ཀྱི་ཕུགས་འདུན་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།