འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་གྲུའི་ཐོག་ལག་ཁྱེར་ཁ་པར་སྤྱད་མི་ཆོག་པའི་བཀག་རྒྱ་གློད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་གནམ་གྲུ་ཐོག་འཁྱེར་བདེའི་གློག་རྡུལ་སྒྲིག་ཆས་སྤྱད་མི་ཆོག་པའི་བཀག་རྒྱ་གློད་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་ཤིང་། དེ་ལས་མི་མང་པོ་ཞིག་ལ་འོད་སྣང་མཐོང་བ་ལྟ་བུར་གྱུར་པ་རེད། ཆེད་མཁས་པས་གནམ་གྲུ་ཐོག་ནས་ཁ་པར་རྒྱག་ཐུབ་པའི་དུས་ཡུན་ད་དུང་ཧ་ཅང་རིང་པོ་རེད་ཅེས་བསྟན་མོད། འོན་ཀྱང"བར་སྣང་ནས་དྲ་འཇུག་བྱ་རྒྱུ"ནི་དུས་ཡུན་རིང་ཞིང་མངོན་འགྱུར་བྱེད་མི་ཐུབ་པ་མ་རེད། འགྲུལ་སྐྱོད་ལམ་ཐག་རིང་བའི་ལམ་བར་དུ། གལ་ཏེ་དྲ་རྒྱ་ཐོག་གི་ལས་ཀའམ་འཕྲིན་ཕྲན་སོགས་བརྒྱུད་ནས་གྲོགས་པོ་དང་ཁ་བརྡ་བྱས་ཆོག་པ་མ་ཟད། གྲོགས་ཚོམས་སུ་དགུང་སྔོན་སྤྲིན་དཀར་གྱི་ཁྲོད་དུ་རང་གི་པར་བླངས་པ་ཞིག་སྟོན་ཐུབ་ན་ཧ་ཅང་ཡག་པོ་ཡིན་ངེས་རེད་སྙམ།
         ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་འཁོར་སྐར་འཕྲིན་གཏོང་གིས་ཐོག་མཐའ་བར་གསུམ་དུ་གནམ་གྲུའི་ནང་སྒྲིག་སྦྱོར་བྱ་རྒྱུའི་འཁོར་སྐར་གཤོང་ཆེའི་འཕྲིན་གཏོང་མ་ལག་འཛུགས་སྐྲུན་དང་ཁྱབ་སྤེལ་བྱ་རྒྱུར་གཞོལ་བཞིན་ཡོད་པ་རེད། གསར་འགོད་པས་ཤེས་རྟོགས་བྱུང་གསལ། བར་སྣང་དང་ས་ངོས་སྦྲེལ་ཚུགས་འཛུགས་པའི་བྱེད་སྟངས་ནི་འཕུར་སྐྱོད་མཁའ་ལམ་དེད་ནས་ས་ངོས་སྦྲེལ་ཚུགས་བཙུགས་ནས་བར་སྣང་ལ་སྐུད་མེད་གློག་བརྡ་གཏོང་ཞིང་། གནམ་གྲུ་ཐོག་ནས་བརྡ་རྟགས་འབྱོར་རྗེས་བར་སྣང་དང་ས་ངོས་བར་གྱི་འཕྲིན་སྐྱེལ་སྦྲེལ་བ་ཆགས་པ་དང་། གནམ་གྲུའི་འགྲུལ་ཁང་ནང་དུ་དྲ་རྒྱ་འཁོར་སྐྱོད་ཁོག་ཡུག་གསར་སྐྲུན་བྱ་རྒྱུ་རེད། འདི་ལ་མ་གནས་འབོར་ཆེན་དང་དུས་ཚོད་མང་པོ་དགོས་པ་མ་ཟད། དེ་ལས་གལ་ཆེ་བ་ནི་ས་ཁོངས་ཀྱི་ཚད་འཛིན་ཐེབས་ཀྱི་ཡོད་ཅིང་། རི་བོ་དང་མཚེའུ། རྒྱ་མཚོ་སོགས་ས་དབྱིབས་བརྒལ་བའི་དུས་སུ། ས་ངོས་སྦྲེལ་ཚུགས་འཛུགས་སྐྲུན་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་ཐུག་རྒྱུ་རེད། དེ་དང་བསྡུར་ན། འཁོར་སྐར་གྱི་འཕྲིན་སྐྱེལ་བརྡ་རྟགས་ཁྱབ་རྒྱ་དེ་ལས་ཆེ་ཞིང་། ས་དབྱིབས་དང་རྒྱལ་མཚམས་ཀྱི་ཤུགས་རྐྱེན་ཡང་ཐེབས་ཀྱི་མེད་པ་རེད།
         འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་ཀྲུང་གོའི་འཁོར་སྐར་འཕྲིན་གཏོང་ཀུང་སིའི་ཚན་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཟུར་པ་ཁྲའེ་ཡུང་གིས་གསར་འགོད་པར་“ཐེངས་འདིར་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་གློད་གཏོང་བའི་སྲིད་ཇུས་དེ་བར་སྣང་དུ་གཤོང་ཆེའི་འཕྲིན་གཏོང་འཕེལ་རྒྱས་གཏོང་རྒྱུར་མཚོན་ན་སྒོ་འབྱེད་པའི་ཕྱོགས་སུ་གོམ་སྟབས་ཆེན་པོ་ཞིག་སྤོས་པ་རེད"ཅེས་བཤད་པ་རེད།
         ལོ་གཉིས་ལྷག་ཙམ་རིང་རེ་སྒུག་བྱས་པ་བརྒྱུད། གནམ་གྲུ་ནང་སྒྲིག་སྦྱོར་བྱ་རྒྱུའི་གཤོང་ཆེའི་འཕྲིན་གཏོང་མ་ལག་འཛུགས་སྐྲུན་ལ་གོ་སྐབས་བཟང་པོ་བྱུང་བ་རེད། ཡིན་འང་ཁྲའེ་ཡུང་གིས་ལས་སྒོ་འདི་ཁྱོན་ཡོངས་ནས་སྒྲུབ་འགོ་ཚུགས་པར་ད་དུང་བརྒྱུད་རིམ་ཞིག་དགོས་ཞེས་བསྟན་པ་དང་། ཁོང་གིས་གནམ་གྲུའི་ཐོག་ལག་འཁྱེར་ཁ་པར་སྤྱོད་རྒྱུ་དོན་འཁྱོལ་ཇི་ལྟར་བྱ་རྒྱུའི་སྐོར་མིག་སྔར་ད་དུང་ཡིག་ཆ་གསལ་པོ་མེད་པས། ཞིབ་ཕྲའི་སྒྲིག་སྲོལ་དང་ལས་རིམ་ཞིབ་ཕྲ་དགོས་པ་རེད། ལས་སྒོ་འདི་ཁྱོན་ཡོངས་ནས་སྒྲུབ་འགོ་མ་ཚུགས་གོང་ལ་ད་དུང་གནད་དོན་ཁ་ཤས་ཐག་གཅོད་བྱ་དགོས། གནམ་གྲུ་ཐོག་ལག་འཁྱེར་ཁ་པར་བེད་སྤྱོད་པར་གལ་ཆེ་ཤོས་ནི་འཕུར་སྐྱོད་བདེ་འཇགས་ཡོང་བར་འགན་ལེན་བྱ་དགོས་ཤིང་། ལག་འཁྱེར་ཁ་པར་དེ་ཉིད་ལས་བྱུང་སྲིད་པའི་བརྡ་རྟགས་འགལ་རྐྱེན་སོགས་ཀྱི་གནོད་པ་དང་། དེ་བཞིན་རང་ངོས་དང་ངན་སེམས་བཅངས་ནས་ལག་འཁྱེར་ཁ་པར་དང་དྲ་རྒྱ་བེད་སྤྱད་ནས་ཉེན་ཁ་བྱུང་བའི་རྒྱུ་རྐྱེན་སོགས་ཀྱི་གནས་ཚུལ་ལ་བསམ་བློ་གཏོང་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།