འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ན་མའི་ཙུང་ཐུང་གིས་ཕ་ཀྲུང་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དེ་ཐུན་མོང་
    དར་རྒྱས་ལ་ཕན་པ་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན། ཕ་ན་མའི་ཙུང་ཐུང་པ་ལེ་ལ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཕ་ན་མ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད་པར་དགའ་ཚོར་སྐྱེ་ཡི་འདུག་ཅེས་གསུངས་པ་མ་ཟད། དེས་རྒྱལ་ཁབ་གཉིས་པོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པའི་ངོས་འཛིན་ཡང་གནང་བ་རེད།
        པ་ལེ་ལ་ཡིས་དེ་ཉིན་ཕ་ན་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོར་ཞུགས་སྐབས་བཅར་འདྲི་དང་ལེན་གནང་ཞིང་། ཁོང་གིས་ཀྲུང་གོས་ལ་ཏིང་མེ་གླིང་ལ་ཁ་ཕྱོགས་པའི་ཚོང་དོན་གྱི་རྟེན་ས་ཞིག་ཡིན་པའི་ཕ་ན་མས་ཀྲུང་གོར་ཐོན་རྫས་དེ་བས་མང་བ་ཕྱིར་གཏོང་བྱ་རྒྱུ་མ་ཟད། ཁོའོ་ལུང་རང་མོས་ཉོ་ཚོང་ཁུལ་བརྒྱུད་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བཞིན་པ་དེས་ཕ་ན་མ་དང་། ཅ་ལེ་པི་རྒྱ་མཚོའི་ས་ཁུལ། མེ་གླིང་དབུས་མ་དང་ཐ་ན་ལ་ཏིང་མེ་གླིང་ཧྲིལ་པོར་ཀྲུང་གོའི་ཁེ་ལས་གཞི་ཚུགས་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་གསུངས།
         པ་ལེ་ལ་ཡིས་མིག་སྔར་རྒྱལ་ཁབ་གཉིས་པོའི་དབར་ཡིག་ཆ་20ལྷག་ཙམ་ལ་གྲོས་མོལ་བྱེད་བཞིན་ཡོད། མི་རིང་བར་ཕ་ན་མས་པེ་ཅིང་དང་ཧྲང་ཧའེ་སོགས་སུ་ཁེ་སྐྱོང་སྒྲིག་གཞི་བཙུགས་ཏེ་ཐོངས་མཆན་འགྲོ་ལུགས་སྟབས་བདེ་རུ་བཏང་ནས་ཀྲུང་གོའི་ཡུལ་སྐོར་བ་དང་། སློབ་མ། རིག་གནས་ལ་དགའ་ཞེན་བྱེད་མཁན་བཅས་ཕ་ན་མར་ཡོང་བར་སྟབས་བདེ་བསྐྲུན་ཏེ་ལོ་160ཡི་གོང་ཁོང་ཚོའི་མེས་པོས་སྐྱོད་མྱོང་བའི་མཛེས་སྡུག་ལྡན་པའི་ཞིང་ཁམས་འདི་ཤེས་སུ་འཇུག་རྒྱུ་ཡིན་ཞེས་གསུངས།
         ཁོང་གིས་ཕ་ན་མ་རྒྱ་མཚོ་ཆེན་པོ་གཉིས་ཀྱི་བར་དུ་ཆགས་ཡོད་པས་མི་བཟོས་གཙང་པོ་བརྒྱུད་འཛམ་གླིང་དང་འབྲེལ་མཐུད་ཐུབ་པ་དང་། སྔོ་ཁེབས་སྟུག་ལ་མཛེས་པ། དམངས་ཚོགས་སེམས་པ་བཟང་ལ་བག་ཡངས་བ་ཞིག་ཡོད། ཀྲུང་གོའི་མང་ཚོགས་ཚོ་ཕ་ན་མར་ཡུལ་སྐོར་དུ་ཡོང་ནས་ཁོང་ཚོའི་མེས་པོས་སྐྲུན་རོགས་བྱས་པའི་རྒྱ་མཚོ་སྒྲོལ་བའི་ལྕགས་ལམ་དང་མི་བཟོས་གཙང་པོར་ལྟ་སྐོར་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། “ལྕགས་ལམ་དང་མི་བཟོས་གཙང་པོས་འཛམ་གླིང་འབྲེལ་མཐུད་བྱུང་བ་མ་ཟད་རྒྱལ་སྤྱིའི་ཚོང་དོན་ལའང་སྐུལ་འདེད་ཐེབས་ཡོད”ཅེས་གསུངས།
         ཚེས་17ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཕ་ན་མ་གྲོང་དུ་ཕ་ན་མའི་ཙུང་ཐུང་པ་ལེ་ལ་དང་མཉམ་དུ་ཕ་ན་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།