འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས"9·19ཐུན་མོང་གསལ་བསྒྲགས"ལ་སྔར་བཞིན་དཔྱད་གཞིར་འཛིན་
    པའི་དོན་སྙིང་ལྡན་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ལོ་12གོང“9·19ཐུན་མོང་གསལ་བསྒྲགས”གྲུབ་པའི་ཉམས་མྱོང་དེ་དེང་སྐབས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པར་སྔར་བཞིན་དཔྱད་གཞིར་འཛིན་པའི་དོན་སྙིང་ལྡན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་དྲུག་གི་གྲོས་མོལ་ནི་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པའི་ལས་སྟེགས་ནུས་ལྡན་ཞིག་ཡིན་པ་སྔར་བཞིན་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།
         གསར་འགོད་པ་ཞིག་གིས་དེ་རིང་ནི“9·19ཐུན་མོང་གསལ་བསྒྲགས”ལ་མིང་རྟགས་བཀོད་ནས་ལོ་12འཁོར་བའི་ཉིན་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས“9·19ཐུན་མོང་གསལ་བསྒྲགས”ལ་ད་དུང་དོན་སྙིང་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་དམ། ཕྱོགས་དྲུག་གི་གྲོས་མོལ་ལ་སྔར་བཞིན་རེ་བ་ཆེན་པོ་བྱེད་ཀྱི་ཡོད་དམ་ཞེས་དྲིས།
         ལུའུ་ཁང་གིས“9·19ཐུན་མོང་གསལ་བསྒྲགས”ནི་གྲོས་མོལ་བྱས་པ་བརྒྱུད་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པར་དེ་སྔ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་དེ་ཡིན་པས་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད་ཅེས་བཤད།
         ལུའུ་ཁང་གིས“‘9·19ཐུན་མོང་གསལ་བསྒྲགས’ལ་མིང་རྟགས་བཀོད་ནས་ལོ་12སོང་བའི་དེང་གི་ཆར་ང་ཚོས་གསལ་བསྒྲགས་ནང་གི་ནང་དོན་གཙོ་བོ་ཁ་ཤས་བསྐྱར་དྲན་བྱ་ཆོག་པ་དཔེར་ན‘ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་མཐའ་དག་དང་དེ་བཞིན་ད་ཡོད་ཀྱི་ཉིང་རྡུལ་འཆར་གཞི་དོར་ནས་《ཉིང་རྡུལ་མཚོན་ཆ་ཁྱབ་གདལ་མི་གཏོང་བའི་ཆིངས་ཡིག་》ཐོག་སྔ་ཙམ་ལོག་ནས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ལྟ་སྐུལ་འགན་ལེན་ཐོབ་པ’དང་། ‘ཨ་རིས་ཉིང་རྡུལ་མཚོན་ཆའམ་ཡང་ན་རྒྱུན་གཏན་མཚོན་ཆ་སྤྱད་དེ་ཁྲའོ་ཞན་ལ་ཕར་རྒོལ་ལམ་བཙན་འཛུལ་བྱེད་སེམས་མེད་པའི་ཁས་བླངས་པ’‘ཁྲའོ་ཞན་དང་ཨ་རིས་ཕན་ཚུན་བདག་དབང་ལ་བརྩི་འཇོག་དང་ཞི་བདེ་མཉམ་གནས་བྱས་ཏེ་རང་སོ་སོའི་ཕྱོགས་གཉིས་ཀྱི་སྲིད་ཇུས་ལྟར་གོ་རིམ་སྤྱད་དེ་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བར་བྱེད་པ’‘ཐད་ཀར་འབྲེལ་བ་ཡོད་པའི་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཡུན་རིང་ཞི་བདེའི་ལམ་སྲོལ་འཛུགས་རྒྱུའི་གྲོས་མོལ་བྱེད་པ’སོགས་ལྟེ་བའི་ནང་དོན་དེ་དག་གིས་སྐབས་དེ་དུས་ཕྱོགས་ཁག་གི་ཁེ་ཕན་མཐུན་ས་ཆེ་ཤོས་མཚོན་པ་མ་ཟད། དུས་ད་ཆའང་སྔར་བཞིན་ཕྱེད་གླིང་གནད་དོན་གྱི་འབྲེལ་ཡོད་དོ་བདག་ཕྱོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་དམིགས་ཡུལ་མིན་ནམ”ཞེས་བཤད།
         ཁོང་གིས་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་འཕོ་འགྱུར་འགྲོ་བའི་འཕེལ་རིམ་དང་ད་ཆའི་ཕྱེད་གླིང་གི་དུས་བབ་ལ་སྡུར་བ་བྱས་ཚེ་ལོ་12གོང“9·19ཐུན་མོང་གསལ་བསྒྲགས”གྲུབ་པའི་རྩ་ཆེའི་ཉམས་མྱོང་ལ་ང་ཚོས་སྔར་བཞིན་དཔྱད་གཞིར་འཛིན་པའི་དོན་སྙིང་ལྡན་པ་དང་དེའི་ནང་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ལ་དམ་འཛིན་བྱེད་པའི་གཙོ་གནད་ནི་བདེ་འཇགས་གནད་དོན་ཡིན་པ་དང་། ཨ་རི་དང་ཁྲའོ་ཞན་ཕྱོགས་གཉིས་པོ་ནི་འགལ་ཟླ་ཐོན་པའི་འགག་རྩ་ཡིན་པ། ཕྱོགས་ཁག་གི་དོ་ཁུར་བྱེད་གཞི་དོ་སྙོམས་ངང་ཐག་གཅོད་བྱེད་དགོས་པ། གོམ་སྟབས་གཅིག་མཚུངས་དང་འདྲ་མཉམ་དང་། ཕན་ཚུན་གཉིས་ཀས་ཁས་ལེན་སྒྲུབ་པ། ཕན་ཚུན་གཉིས་ཀས་བྱ་སྤྱོད་སྤེལ་བ་སོགས་ཚུད་ཡོད། གལ་ཏེ་འབྲེལ་ཡོད་ཕྱོགས་ཀྱིས་གཞི་རྩའི་ངོས་འཛིན་གཅིག་མཐུན་དེ་དག་བསྐྱར་དུ་ལག་ལེན་བསྟར་བ་དང་། “9·19ཐུན་མོང་གསལ་བསྒྲགས”ནང་མཚོན་པའི་རྩ་དོན་དང་དགོངས་དོན་ལ་བསྐྱར་དུ་བརྩི་སྲུང་ཞུ་བ། ཕྱོགས་ཁག་གི་ལུགས་དང་མཐུན་ལ་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་དོ་སྙོམས་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བཅས་བྱས་ཚེ་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཞི་བའི་ངང་ཐག་གཅོད་བྱེད་པའི་ཐད་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།
         “གོང་གསལ་གྱི་དགོངས་དོན་ལ་དམིགས་ནས་ཀྲུང་གོ་ཕྱོགས་ཀྱིས‘བྱེད་ཐབས་གཉིས་མཉམ་སྤྱོད’ཀྱི་བསམ་ཕྱོགས་དང‘གཉིས་ཀས་གནས་སྐབས་མཚམས་འཇོག’གི་གྲོས་འགོ་བཏོན་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཕྱོགས་དྲུག་གི་གྲོས་མོལ་ནི་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པའི་ལས་སྟེགས་ནུས་ལྡན་ཞིག་ཡིན་པའི་ངོས་འཛིན་སྔར་བཞིན་བྱེད་ཀྱི་ཡོད། ང་ཚོས་ཆབ་སྲིད་ཀྱི་ཕྱི་འབྲེལ་བྱེད་སྟངས་ལ་བརྟེན་ནས་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཞི་བའི་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་པའི་བྱ་སྤྱོད་མཐའ་དག་ལ་སྒོ་དབྱེའི་རྣམ་འགྱུར་འཛིན་གྱི་ཡོད”ཅེས་ལུའུ་ཁང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།