འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཡ་དར་མྱུར་བགྲོད་གཞུང་ལམ་གྱི"ཁྲོན་བོད་འགག་འཕྲང་དང་པོ"ཞེས་པའི་ཕེ་ཤོན་འགག་སའི་
    འཕྲང་གི་ཕུག་ལམ་རིང་པོ་ཏལ་འབིགས་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པར་སི་ཁྲོན་འགྲིམ་འགྲུལ་མ་འཇོག་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཚེས་19ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་པར་ཨར་ལས་བྱེད་བཞིན་པའི་ཡ་དར་མྱུར་བགྲོད་གཞུང་ལམ་ཐོག་གི“ཁྲོན་བོད་འགག་འཕྲང་དང་པོ”ཞེས་བརྗོད་སྲོལ་ཡོད་པའི་ཕེ་ཤོན་འགག་འཕྲང་གི་ཕུག་ལམ་ཕྱོགས་གཉིས་པོ་ནས་ཏལ་འབིགས་ཐུབ་ཅིང་། དེ་ཐོག་ནས་སི་ཁྲོན་ནས་དཀར་མཛེས་བོད་རིགས་ས་ཁུལ་དུ་སྐྱོད་སའི་མྱུར་བགྲོད་གཞུང་ལམ་དང་པོ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན་གྱི་ཡོད་པ་རེད།
          ཕེ་ཤོན་འགག་འཕྲང་ལ“ཁྲོན་བོད་འགག་འཕྲང་དང་པོ”ཞེས་བརྗོད་སྲོལ་ཡོད། རྒྱལ་ལམ་318ཀྱི་ཕེ་ཤོན་འགག་འཕྲང་གི་ཕུག་ལམ་འཛུགས་སྐྲུན་བྱེད་སྐབས་རྙོག་འཛིང་ཆེ་བའི་ས་གཤིས་ཆ་རྐྱེན་གྱི་འགག་སྒོ་མང་པོ་ཞིག་ཁྱད་བསད་བྱེད་མྱོང་། ཡ་དར་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གཙོ་བོའི་གྲས་ཤིག་ཡིན་པའི་ད་རེས་ཏལ་འབིགས་ཐུབ་པའི་ཕེ་ཤོན་འགག་འཕྲང་གི་ཕུག་ལམ་རིང་པོར་ཆ་མཚོན་ན། དེར་གས་སྲུབས་ས་རྒྱུད་3དང་འབྲུབ་ཆུ་ཆེ་བའི་ལམ་དུམ་ཞིག་ཡོད་པས་ཨར་ལས་ཤིན་ཏུ་ཁག་པོ་ཡོད་པ་རེད། དཀའ་བ་ཚད་མེད་སྤྱད་པ་བརྒྱུད་རིང་ཚད་སྨི་ 4949ཡོད་པའི་ཕུག་ལམ་གཡས་པ་འདི་ལོའི་ཟླ་7ཚེས་18ཉིན་དང་ཐོག་ཏལ་འབིགས་ཐུབ་པ་དང་རིང་ཚད་སྨི་4940ཡོད་པའི་ཕུག་ལམ་གཡོན་མ་ཚེས་19ཉིན་བདེ་བླག་ངང་ཏལ་འབིགས་ཐུབ་ཡོད། ཕུག་ལམ་ནང་རླངས་འཁོར་ཤར་གཏོང་ཐུབ་རྗེས“ཁྲོན་བོད་འགག་འཕྲང་དང་པོ”བརྒལ་བར་སྐར་མ་6ཁོ་ན་ལས་འགོར་གྱི་མེད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་གཤོངས་ས་ནས་མཚོ་བོད་ས་མཐོར་སྣུར་སྲིང་བྱ་རྒྱུ་དང་། རི་གཟར་གྲོག་རོང་མང་བའི་འཕྲེད་བཅད་རི་ཁུལ་བརྒྱུད་རྒྱུ། ལམ་གུ་དོག་ལ་གཡང་གཟར་ཞིང་གྲོག་རོང་ཧ་ཅང་མང་བ་བཅས་ཀྱི་ཡ་དར་མྱུར་བགྲོད་གཞུང་ལམ་ནི་མིག་སྔར་རྒྱལ་ཡོངས་སུ་འཛུགས་སྐྲུན་བྱེད་པའི་གཞུང་ལམ་ཁྲོད་ཀྱི་ཕུག་ལམ་དང་ཟམ་ལམ་མང་ཤོས་དང་ཨར་ལས་དཀའ་ཚེགས་ཆེ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་གྲས་ཤིག་རེད།
          ཡ་དར་མྱུར་བགྲོད་གཞུང་ལམ་འདི་ཉིད་2018ལོར་ཕྱོགས་ཡོངས་ནས་ཤར་བགྲོད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད། རྣམ་གྲངས་འཛུགས་སྐྲུན་ཟིན་རྗེས་ཁྲེང་ཏུའུ་ནས་དར་མདོ་བར་གྱི་ལམ་ཐག་ཉུང་མཐར་ཡང་ཆུ་ཚོད་གཉིས་ཐུང་དུ་འགྲོ་རྒྱུ་རེད། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པ་བར་ཡ་དར་མྱུར་བགྲོད་གཞུང་ལམ་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་23.6བཏང་བ་དང་ལས་འགོ་ཚུགས་པ་ནས་ད་བར་དུ་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་153བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི་66%བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།