འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ནུབ་རྒྱུད་བོད་རིགས་ས་ཁུལ་གྱིས་ལོ་བཞི་ཡི་རིང་ལ་བྱེ་འགྱུར་ས་ཆ་མུའུ་ཁྲི་65ལྷག་
    བཅོས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་19ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སི་ཁྲོན་ནུབ་རྒྱུད་བོད་རིགས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་འཆར་འགོད་ལག་ལེན་བསྟར་ནས་ལོ་བཞི་སོང་རིང་སི་ཁྲོན་ཞིང་ཆེན་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་10.84བཏང་ནས་བྱེ་འགྱུར་ས་ཆ་བཅོས་སྒྲིག་དང་མུའུ་ཁྲི་120སྲ་བརྟན་གཏོང་རྒྱུ་ལེགས་གྲུབ་བྱུང་བ་དང་དེའི་ཁྲོད་ནས་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་མུའུ་ཁྲི་65.1བཅོས་སྒྲིག་བྱས་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། 2013ལོར་སི་ཁྲོན་ནུབ་རྒྱུད་བོད་རིགས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་འཆར་འགོད་དངོས་སུ་ལག་ལེན་བསྟར་ཡོད། འཆར་འགོད་ལག་ལེན་བསྟར་ཡུལ་དེ་སེར་ཤུལ་རྫོང་དང་། གསེར་རྟ་རྫོང་། ཧུང་ཡོན་རྫོང་། མཛོད་དགེ་རྫོང་སོགས་རྫོང་10ཡིན་པ་རེད།
           བྱེ་འགོག་བྱེ་བཅོས་ཐད་སི་ཁྲོན་ཞིང་ཆེན་གྱིས་བྱེ་ས་འཕྲལ་མར་རིགས་དབྱེ་དང་། བྱེ་བཅོས་རྩི་ཤིང་འདེམས་གསོ། ལྕུག་ཕྲན་འདེབས་གསོ་སོགས་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་གཏོད་བྱས་པ་མ་ཟད། སེར་ཤུལ་གྱི་འཕྲུལ་ཆས་ལ་བརྟེན་ནས་རྩྭ་འདེབས་བྱེ་བཅོས་དང་། གསེར་རྟའི་ཨ་བྲ་ཚོད་འཛིན་གྱི་བྱེ་བཅོས། མཛོད་དགེའི་རྒྱ་ལྕང་དྲ་མིག་རྣམ་པའི་བྱེ་བཅོས། ཧུང་ཡོན་གྱི་སྣོད་བཅུད་དཔལ་འབྱོར་བྱེ་བཅོས་སོགས་བྱེ་ས་བཅོས་སྒྲིག་གི་བྱ་ཐབས་ནུས་ལྡན་ཁག་11འཚོལ་ཞིབ་བྱས་ཡོད། ཚན་རྩལ་ལ་བརྟེན་ནས་བྱེ་བཅོས་བྱས་པ་བརྒྱུད་བྱེ་ཁུལ་གྱི་སྣོད་བཅུད་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ཡོད་ལ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་འགྱུར་ལྡོག་འགྲོ་རྒྱུར་ཡང་སྐུལ་མ་ཐེབས་ཡོད་པ་རེད།
           2015ལོའི་རྒྱལ་ཡོངས་ཀྱི་མྱ་ངམ་ཐང་དུ་འགྱུར་བ་དང་བྱེ་འགྱུར་ས་ཆར་ལྟ་ཞིབ་ཚད་ལེན་ཐེངས་ལྔ་པ་བྱས་པའི་ཐོག་ནས་མངོན་པ་ལྟར་ན། 2005ལོའི་བྱེ་འགྱུར་ལྟ་ཞིབ་ཚད་ལེན་ཐེངས་གསུམ་པ་དང་བསྡུར་ན་སི་ཁྲོན་ཞིང་ཆེན་གྱི་བྱེ་འགྱུར་ས་ཆའི་སྤྱིའི་རྒྱ་ཁྱོན་5.6%ཉུང་དུ་ཕྱིན་པ་དང་། འགུལ་སྐྱོད་བྱེ་སའི་རྒྱ་ཁྱོན་52.7%ཉུང་དུ་ཕྱིན་པ། ཚབས་ཆེ་བ་དང་ཤིན་ཏུ་ཚབས་ཆེ་བའི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་37.7%ཉུང་དུ་ཕྱིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་བྱེ་འགོག་བྱེ་བཅོས་ལས་ཀའི་སྤྱིའི་དམིགས་ཚད་ནི་2020ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱི་བྱེ་འགྱུར་ས་ཆ་བཅོས་སྒྲིག་མུའུ་ཁྲི་300ཡན་ལེགས་གྲུབ་ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།