འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི“སྐལ་བཟང་མེ་ཏོག”ཆོས་དབྱིངས་སྐྱིད། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཚེས་3ཉིན་སྤེལ་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་འགྲོས་མི་སྒེར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཐོག་མཚོ་སྔོན་གྱི་གྲགས་ཅན་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད་1དང་སྐར་མ་28སྐར་ཆ་33གྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་བླངས་པ་དེ་ལས་རྩྭ་ཐང་ནས་སླེབས་པའི་བུ་མོ་དེས་རྩལ་ནུས་ལ་བརྟེན་ནས་སླར་ཡང་རང་ཉིད་ཀྱི་འཇོན་ཐང་ར་སྤྲོད་བྱས་ཡོད།
         ལོ་རབས་90ཡི་ནང་སྐྱེས་པའི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཧེ་ཡན་རྫོང་ཝ་འཇོག་ཤང་གི་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་། ཁོང་གི་ཕ་མགོན་པོ་རབ་བརྟན་དང་མ་བསོད་ནམས་སྐྱིད་ནི་མཚོ་སྔོན་པོའི་བྱང་ངོགས་ཀྱི་འབྲོག་པ་ཡིན་པ་དང་མི་རབས་ནས་མི་རབས་བར་སྐྱ་སྤོའི་འཚོ་བ་སྐྱེལ་གྱི་ཡོད།
          སྙིང་རུས་ཆེ་བའི་བུ་མོ་དེས་ཕུགས་བསམ་རྒྱུན་འཁྱོངས་དང་ལུས་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་བྱང་རྩྭ་ཐང་ནས་འཛམ་གླིང་དུ་བསྐྱོད་པ་རེད།
         2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཐོག་ཁོང་ལ་སྤྱི་ལེ་20ཡི་འདུར་འགྲོས་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་ཐོབ་པ་དང་། ལོ་བཞི་སོང་རྗེས་ཀྱི་ལི་གཡོད་དུ་ཁོང་ལ་རྣམ་གྲངས་དེའི་ཨང་ལྔ་པ་ལས་ཐོབ་མེད།
         ལི་གཡོད་ཨོ་རྩལ་འགྲན་ཚོགས་ཐོག་ཆོས་དབྱིངས་སྐྱིད་འགྲན་བསྡུར་བྱེད་སྐབས་གསར་འགོད་པ་ཁོང་གི་ཁྱིམ་དུ་འབྱོར། ཆོས་དབྱིངས་སྐྱིད་ཀྱི་ནང་མི་དང་གྲོགས་པོ། དེ་བཞིན་སྨྱན་སྦྱོར་གྱི་གསར་འགོད་པ་མཉམ་དུ་རུབ་ནས་སྙིང་རུས་ཆེ་བའི་བུ་མོ་དེར་སླར་ཡང་གྲུབ་འབྲས་ཐོབ་པའི་རེ་བ་བྱས།
         ལི་གཡོད་དུ་འགྲན་བསྡུར་མ་བྱས་གོང་མགོན་པོ་རབ་བརྟན་གྱིས་ས་ཐག་རིང་པོར་ཡོད་པའི་བུ་མོའི་ཆེད་དུ་བསང་ཁ་བསང་གསོལ་བྱས་པ་དང་། ཁོང་གི་སྤོ་བོ་ལགས་ཀྱིས་མ་ནཱི་བསྐོར་ནས་གསོལ་བ་སྨོན་ལམ་བཏབ། ཆོས་དབྱིངས་སྐྱིད་ཀྱིས་ཨམ་གཙིགས་བསྡམས་ནས་སྤྱི་ལེ་20བརྒྱུགས་པ་དང་། ཁོང་གི་གཅེན་མོ་གཡང་མཚོ་རྒྱལ་གྱིས་བརྙན་འཕྲིན་གྱི་མདུན་དུ་མིག་ཆུ་གཏོང་བཞིན་འགྲན་བསྡུར་ལ་བལྟས། ནང་མི་ཚང་མས་ཁོང་ལ་སེམས་ཁྲལ་ཚད་མེད་བྱེད་བཞིན་ཡོད།
         2016ལོའི་ཟླ་9པར་སུའུ་ཀྲོའུ་ཝུའུ་ཀྲུང་དུ་གཉེར་བའི་2016ལོའི“ཐའེ་ཧུའུ་མཚིའུ་སྐོར་བའི”རྒྱལ་སྤྱིའི་འདུར་འགྲོས་འགྲན་བསྡུར་དང་རྐང་ཐང་མར་ཉིན་མང་པོ་སྐྱོད་པའི་འགྲན་བསྡུར་ནང་བུད་མེད་མི་སྒེར་གྱི་སྤྱིའི་ཨང་དང་པོ་ཐོབ་ཡོད། ཁོང་གིས“འགྲན་བསྡུར་དེར་ཞུགས་སྐབས་ངས་སེམས་ཀྱི་ཁུར་པོ་ཡོད་ཚད་དོར་བ་ཡིན”ཞེས་བརྗོད།
         ཆོས་དབྱིངས་སྐྱིད་ཀྱི་འབད་འཐབ་སྙིང་སྟོབས་འགྲན་རརཡོངས་སུ་མངོན་པ་དང་། དེ་ལྟ་བུའི་སྙིང་སྟོབས་ལས་མཚོ་སྔོན་གྱི་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་ལ་སྐུལ་མ་ཐེབས་བཞིན་མཆིས།
         མཚོ་བོད་ས་མཐོའི་མཚོ་སྔོན་གྱི་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་རྗེས་ལུས་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་རྒྱང་རྒྱུག་དང་འདུར་འགྲོས་སོགས་རྒྱུག་ཤེད་རྣམ་གྲངས་ཁོ་ན་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པ་ཕུད། རྣམ་གྲངས་གཞན་དག་དང་རྒྱལ་ནང་གི་སྟོབས་ཆེའི་ཞིང་ཆེན་དབར་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་ཆོས་དབྱིངས་སྐྱིད་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཐུབ་པ་ལས་མཚོ་སྔོན་གྱི་ལུས་རྩལ་པར་སྐུལ་སློང་ཆེན་པོ་ཐེབས་པ་དང་། མཚོ་སྔོན་དུ་གནས་པའི་ཏོ་པ་རྒྱལ་ཁབ་ས་མཐོའི་ནང་སྦྱོང་རྟེན་གཞིའི་ལུས་རྩལ་ལས་དོན་རུ་ཁག་ཏུ་ཆོས་དབྱིངས་སྐྱིད་གཞོན་སྐྱེས་མང་པོའི་དད་གུས་བྱ་ཡུལ་དང་མིག་དཔེར་གྱུར་ཡོད་པ་དང་ཁོ་མོའི་ཚད་བརྒལ་བྱེད་ཕོད་པའི་སྟོབས་ཤུགས་ལས་ཚང་མར་ས་མཐོར་འབད་འབུངས་བྱེད་སེམས་བྱུང་ཡོད།
         བོད་རིགས་བུ་མོ་དཀྱུས་མ་ཞིག་ནས་ད་ཆའི་མཆོང་རྒྱུག་འཕེན་གསུམ་གྱི་གྲགས་ཅན་ལུས་རྩལ་པའི་བར་ཆོས་དབྱིངས་སྐྱིད་ཀྱིས་རང་ཉིད་ཀྱི་གཏམ་རྒྱུད་ལས་མི་མང་པོར་ལུས་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མིར་འགྱུར་ལྡོག་གཏོང་ཐུབ་པ་གསལ་བཤད་བྱས་ཡོད།
         ཆོས་དབྱིངས་སྐྱིད། ཤུགས་རྒྱོབས། ཁྱེད་ནི་སྔར་བཞིན་མཚོ་བོད་ས་མཐོར་མཚར་སྡུག་བཀྲ་ཤོས་ཀྱི་སྐལ་བཟང་མེ་ཏོག་དེ་རེད།
        མཚོ་སྔོན། ཤུགས་རྒྱོབས། ལུས་རྩལ་གྱི་ལམ་བུར་རང་ཉིད་ཀྱི་ཕུགས་བསམ་ལས་ཚད་བརྒལ་དེ་བས་མང་བ་ཡོང་སྲིད། 
      

    ཕྱོགས་བསྡུས་གསར་འགྱུར།