འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་ཐོག་ཚོང་ལ་ཞུགས་ཤིང་ཐོན་རྫས་བྲིན་ཁ་རྒྱུག་ནས་ལུང་ནན་གྱི་ཞིང་པ་ཁྲི་ལྷག་ཙམ་དྲ་
    ཐོག་ཚོང་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2014ལོའི་དཔྱིད་ཀར། ཀན་སུའུ་ལུང་ནན་ལི་རྫོང་གི་དྲ་ཐོག་ཚོང་དོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེང་ཧྲོང་ཧྥུང་གི་ཁ་པར་ཞིག་འབྱོར་པ་ལས་ཕྱི་ཕྱོགས་སུ་ལས་ཀ་བྱས་ནས་ལོ་མང་སོང་བའི་ཡུང་ཤིང་གྲོང་རྡལ་ཅེ་ཏི་གྲོང་ཚོའི་གྲོང་མི་ཀྲང་ཀྲེ་ཡིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད། ཁོང་གིས་སེམས་ཐག་དེ་འདྲ་བཅད་པ་ལས་ཁྱིམ་ཚང་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
         ལི་རྫོང་ནི་ལུང་ནན་གྱི་བྱང་རྒྱུད་དུ་གནས་ཤིང་། གནམ་གཤིས་ཡག་ལ་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད། ཡིན་ནའང་རི་མཐོ་ལ་གཡང་གཟར་བས་འགྲིམ་འགྲུལ་སྟབས་མི་བདེ་བའི་ལི་རྫོང་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་ཞིག་རེད་ལ་ཀན་སུའུ་ཞིང་ཆེན་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་58ཀྱི་གྲས་ཤིག་ཀྱང་རེད། རྒྱལ་ཡོངས་ཀྱི་སྤུས་ལེགས་ཤིང་འབྲས་ཐོན་སྐྱེད་རྟེན་གཞི་32དང་། སྤུས་ལེགས་ཀུ་ཤུ་ཐོན་སྐྱེད་བྱེད་མཁན་གཙོ་གནད་རྫོང་60 དེ་བཞིན་ཀན་སུའུ་ཞིང་ཆེན་གྱི་སྤུས་ལེགས་ཀུ་ཤུ་ཐོན་སྐྱེད་བྱེད་མཁན་གཙོ་གནད་རྫོང་5ཡི་ནང་གི་གྲས་ཤིག་ཡིན་པའི་ལི་རྫོང་གི་མི་སེར་ཚོར་རི་གྲོང་གི་ཐོན་ཁུངས་ཕུན་སུམ་ཚོགས་ཀྱང་བྲིན་ཚོང་ཐབས་ལམ་མེད་པས་འཚོ་བ་སྐྱོ་པོ་མ་སྐྱེལ་དཀའ་མེད་ལ་ཐུག་ཡོད། 2013ལོའི་ལོ་མཇུག་ཏུ་ལི་རྫོང་གིས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་འགོ་ཚུགས་ཏེ་རི་གྲོང་གི་ཐོན་ཁུངས་དེ་དག་ཕྱི་ཕྱོགས་སུ་འཚོང་ཐུབ་པ་བྱས་ཡོད།
         དྲ་ཐོག་ཚོང་དོན་འཕེལ་རྒྱས་བཏང་མ་ཐག་པའི་དུས་སུ་འཇོན་ཐང་ཅན་ཁ་ཐང་བའི་གནད་དོན་འཕྲད་ཅིང་། རྫོང་དྲ་ཐོག་ཚོང་དོན་ལྟེ་གནས་ཀྱིས་ཕྱི་ཕྱོགས་སུ་དྲ་ཐོག་ཚོང་དོན་གཉེར་བཞིན་པའི་ཀྲང་ཀྲེ་དང་འབྲེལ་བ་བྱས། “ང་ཕ་ཡུལ་དུ་ལོག་འདོད་ཧ་ཅང་ཆེ། ཕ་ཡུལ་གྱི་ཀུ་ཤུ་དྲ་ཐོག་ཚོང་དོན་གྱི་ཐབས་ལམ་བརྒྱུད་ནས་འཚོང་ཐུབ་རྒྱུ་ཡིན་པ་བསམ་བློ་འཁོར་སྐབས་ཧ་ཅང་དགའ་པོ་བྱུང་ལ་ཕ་ཡུལ་དུ་ལོག་ནས་བྱ་གཞག་ཧུར་ཐག་གཏོད་འདོད་ཀྱང་བྱུང”ཞེས་ཀྲང་ཀྲེས་སེམས་ཐག་གཅོད་སྐབས་ཀྱི་གནས་ཚུལ་དྲན་གསོ་བྱེད་བཞིན་མྱོང་ཚོར་ཟབ་མོས་བཤད།
         ཀྲང་ཀྲེ་ནི་ལི་རྫོང་གི་ཕ་ཡུལ་དུ་ལོག་ནས་དྲ་ཐོག་ཚོང་དོན་བྱ་གཞག་གཉེར་མཁན་གྱི་མཚོན་བྱེད་ཅིག་དང་ལི་རྫོང་ནི་ལུང་ནན་གྱི་དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི་བསྡུས་རིས་ཤིག་རེད། ད་ཕན་ལོ་ཤས་རིང་། ལུང་ནན་གྱིས་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་རྒྱུ་དེ་ཉིད་ཞིང་པར་འབབ་འཕར་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད། མིག་སྔའི་བར་གྲོང་ཁྱེར་དེ་ཡོངས་ཀྱིས་རིམ་རྩིས་བྱས་ན་དྲ་ཐོག་ཚོང་ཁང་ཁྲི་1.1ལྷག་ཙམ་དང་དྲ་ཐོག་ཚོང་ཁང་ཆུང་གྲས་7853བཙུགས་ཡོད། 2015ལོར་ལུང་ནན་འདི་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཚོད་ལྟའི་གྲོང་ཁྱེར་འབའ་ཞིག་ལ་བརྩིས་པ་མ་ཟད། “2015ལོའི་ཀྲུང་གོའི་དབུལ་པོ་སེལ་བའི་གསར་གཏོད་བྱ་དགའ”ཡང་རག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།