འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་བུ་ཕྲུག་ཁྲི་2600ཡི་རྒྱང་སྐྱོད་ལམ་བུ་གསར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་14ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཀྲུང་གུང་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཤུགས་རྒྱག་ས་བརྒྱད”ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར་མདུན་སྐྱོད་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་བརྩོན་ཧུར་ཐག་བྱས་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་སྤྱི་འདོམས་སྐུལ་འདེད་བཏང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་མཐུན་སྦྱོར་སྐུལ་འདེད་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།
         འབད་འབུངས་ཡར་བརྩོན་གྱིས་ཐོབ་ཚོར་མྱོང་བ། ལོ་ལྔའི་རིང་ཀན་སུའུ་ཡི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོས་ལོ་ལྟར་75%ཡས་མས་བཟུང་ཡོད། དངུལ་སྨར་དེ་དག་གིས་མི་སེར་ཚོར་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་མྱོང་ཐུབ་པ་བྱུང་ཡོད།
          གྲོང་ཚོར་ཤར་གཏོང་གི་གཞུང་ལམ་རེ་རེ་བསྐྲུན་པ་དང་། ཁང་གསར་རེ་རེ་བརྒྱབ་པ། མི་རྣམས་ཀྱི་བཅོལ་དངུལ་ཡང་མང་དུ་ཕྱིན་ཡོད། ལོ་ལྔའི་རིང་ཀན་སུའུ་ཡི་མི་འབོར་དབུལ་པོ་2011ལོའི་ལོ་མཇུག་གི་ཁྲི་842.2ནས་ན་ནིང་ལོ་མཇུག་གི་ཁྲི་227བར་ཉུང་དུ་ཕྱིན་པ་དང་། དབུལ་པོར་གྱུར་ཚད་40.5%ནས་10.9%བར་ཆག་པ། མངར་སིལ་ལྡན་པའི་ཀླུ་ཆུ་འཐུང་རྒྱུ་བྱུང་བ། གྲོང་གསེབ་ཀྱི་སློབ་ཆུང་གྲོང་ཁྱེར་ནང་གི་སློབ་ཆུང་ལྟར་རྒྱ་ཆེ་ལ་དཀར་ཆ་དོད་པས་ཕྲུ་གུ་ཚོ་དྲོ་སྐྱིད་ལྡན་པའི་ངང་འཚར་ལོངས་ཡོང་བཞིན་ཡོད།
         “གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ”བཅས་ཟུང་འབྲེལ་བྱེད་སྟངས་སྤྱད་ནས་མང་ཚོགས་ཀྱི་ནད་ལྟ་བ་དང་སྨན་བཅོས་ཀྱི་འགྲོ་གྲོན་འཁུར་པོ་ཡང་དུ་བཏང་ཡོད། ལོ་མང་རིང་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་སྒོ་བསྟེན་སྨན་བཅོས་དང་སྨན་ཁང་དུ་སྡོད་མཁན་ནད་པའི་མི་རེའི་ཆ་སྙོམས་འགྲོ་གྲོན(བོད་ལྗོངས་ཕུད)རྒྱལ་ཡོངས་ཀྱི་དམའ་ཤོས་ཡིན་པ་རེད།
         ལྟ་ན་སྡུག་ལ་ཡངས་ཤིང་རྒྱ་ཆེ་བའི་ཀན་སུའུ་ཡི་ས་གཞི་ཆེན་པོའི་ཐོག་གི་གངས་རི་དང་། ནགས་ཚལ། མྱ་ངམ་ཐང་། བྱེ་ཐང་སོགས་ཀྱི་ངོ་མཚར་ཡུལ་ལྗོངས་ལས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐྱེ་བོ་མང་པོའི་ཡིད་ཀྱི་བརྟན་པ་གཅིག་ཏུ་འཕྲོག ཡུལ་སྐོར་ལས་རིགས་དར་བས་ཞིང་པའི་སྤྲོ་སྐྱིད་ཁང་གི་ཚོང་བྲིན་ཁ་རྒྱུག་པ་དང་དེ་ལས་གལ་འགངས་ཆེ་བ་ནི་མི་སེར་ཚོའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།
         སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན། ཀན་སུའུ་རུ་ཞིང་ཆེན་རིམ་པ་ཡན་གྱི་རང་བྱུང་སྲུང་སྐྱོང་ཁུལ་56སྣོད་བཅུད་ཀྱི་ཚོར་སྣང་ཧ་ཅང་སྐྱེན་པའི་ས་ཁོངས་སུ་ཁྱབ་པ་དང་དེ་ནི་དོམ་ཁྲ་དང་། སི་ཁྲོན་གྱི་སྤྲེལ་ཁྲ། གསའ། བདག་ཏུ་མ་བཟུང་བའི་རྔ་མོང་སོགས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་བྱེད་ས་ཡིན་པ་དང་ཆིན་ལན་རི་བོ་དང་། ཆིན་ལིང་ནུབ་རྒྱུད། ཀན་ལྷོའི་འདམ་ར་སོགས་ཆུ་འགོ་གསོ་འཁྱོངས་ཁུལ་གཙོ་བོ་ཚང་མ་རང་བྱུང་སྲུང་སྐྱོང་ཁུལ་ནང་བཅུག་ཡོད། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པས་གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་ཡོད་ལ་གྲོང་མི་ཡང་སྔར་བས་སྐྱིད་ཉམས་དོད་དུ་སོང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།