མི་དམངས་དྲ་བ།

༄༅།།ཕྱི་འབྲེལ་པུའུ་ཡིས་ཀྲུང་གོའི་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁོ་རེ་ཡ་
བྱང་མས་ཉིང་རྡུལ་ཚོད་ལྟ་ཡང་བསྐྱར་བྱས་པར་དགོས་ངེས་ཀྱི་བྱ་ཐབས་ལག་བསྟར་བྱ་
རྒྱུར་མོས་མཐུན་ཡོད་པ་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན། ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱི་གནས་འཕྲིན་ལ་གཞིགས་ན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཀེང་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་2375པར་གྲོས་འཆམ་བྱུང་བའི་སྐོར་གསར་འགོད་པའི་དྲི་བར་དྲིས་ལན་བཏབ་པ་གཤམ་གསལ།
         དྲི་བར། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ་9ཚེས་11ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་ཚོད་ལྟའི་གནད་དོན་སྐོར་གྱི་གྲོས་ཆོད་ཨང་2375པར་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་རེད། ཀྲུང་གོའི་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་གང་ཡོད།
         དྲིས་ལན་དུ། ཁོ་རེ་ཡ་བྱང་མས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་པར་མི་འཛེམ་པར། སླར་ཡང་ཉིང་རྡུལ་ཚོད་ལྟ་བྱས་པ་དེས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་ཚབས་ཆེན་འགལ་བ་རེད། ཀྲུང་གོའི་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེའི་སྐོར་ལ་བྱ་ཐབས་དགོས་ངེས་ལག་བསྟར་བྱེད་པར་མོས་མཐུན་བྱེད་ཀྱི་ཡིན། ཟླ་9ཚེས་11ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་2375པར་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་དེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཚོས་གླིང་ཕྲན་ཕྱེད་ཙམ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། གླིང་ཕྲན་ཕྱེད་ཙམ་དུ་ཉིང་རྡུལ་མེད་པའི་བྱ་རིམ་ལ་སྐུལ་སྤེལ་གཏོང་བ་དང་རྒྱལ་སྤྱིའི་ཉིང་རྡུལ་བྱེར་འགྲམས་མི་འགྲོ་བའི་མ་ལག་སྲུང་སྐྱོང་བྱེད་པའི་གཅིག་གྱུར་གྱི་ལངས་ཕྱོགས་མཚོན་པ་རེད། གྲོས་ཆོད་ཀྱིས་དུས་མཉམ་དུ་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་དང་ཨེ་ཤ་ཡ་བྱང་ཤར་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་དགོས་དོན་བསྐྱར་བསྒྲགས་བྱེད་པ་དང་། ཕྱི་འབྲེལ་དང་ཆབ་སྲིད་ཀྱི་བྱ་ཐབས་ཐོག་ནས་ཞི་བས་གནད་དོན་ཐག་གཅོད་བྱས་ནས་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རེ་འབོད་བྱེད་པ་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོས་བྱ་ཐབས་ལག་བསྟར་བྱས་ནས་གླིང་ཕྲན་ཕྱེད་ཙམ་གྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་དགོས་པ་ནན་བཤད་ཀྱང་བྱས་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་གྲོས་ཆོད་ཨང་2375པའི་ནང་དོན་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་བ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
         ཀྲུང་གོའི་ཕྱོགས་ཀྱིས་བཏོན་པའི"གནས་སྐབས་མཚམས་འཇོག་དགོས་པ་གཉིས"ཀྱི་གྲོས་གཞི་དང"ཐབས་ལམ་གཉིས་མཉམ་སྤྱོད"ཀྱི་བསམ་ཕྱོགས་ནི་གླིང་ཕྲན་ཕྱེད་ཙམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་དོན་དངོས་དང་མཐུན་ཞིང་ལག་ལེན་བསྟར་འཐུས་ཀྱི་ཐབས་ལམ་ཞིག་ཡིན་ཞིང་། ང་ཚོས་འབྲེལ་ཡོད་ཕྱོགས་སོ་སོས་བསམ་གཞིགས་གང་ལེགས་བྱས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་གྲོས་མོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ནས་གླིང་ཕྲན་ཕྱེད་ཙམ་དུ་ཉིང་རྡུལ་མེད་པར་བྱེད་པའི་བྱ་རིམ་ལ་སྐུལ་འདེད་གཏོང་བ་དང་། གླིང་ཕྲན་ཕྱེད་ཙམ་དུ་ཞི་བདེ་དང་བརྟན་ལྷིང་ཡོང་བར་བྱེད་ཆེད་འབད་འབུངས་བྱ་དགོས་པའི་རེ་འབོད་ཀྱེད་ཀྱི་ཡིན།