འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་ཕན་ཆུའི་ས་ཚིགས་ཀྱིས་ཞིང་འབྲོག་པར་འཐུང་ཆུ་གཙང་མ་བསྐྱལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གཞིས་ཀ་གྲོང་ཚོའི་གྲོང་ལྷན་སྒོ་རར་གཞིས་ཀ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་ལས་དོན་རུ་ཁག་ཁག་དྲུག་པས་མཐུན་སྦྱོར་སྣེ་ཁྲིད་བརྒྱུད་བོད་ལྗོངས་དྭངས་གཙང་ཆུ་ཁུངས་ཀུང་སིས་ཞལ་འདེབས་བརྒྱབ་ནས་སྒྲིག་སྦྱོར་བྱས་པའི་དྭངས་གཙང་དམངས་ཕན་ཆུའི་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་ནས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་པ་མང་ཚོགས་460ལྷག་ཙམ་གྱིས་དྭངས་གཙང་གི་ཆུ་འཐུང་རྒྱུ་བྱུང་ཡོད།
          འཐུང་ཆུའི་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད། གཞིས་ཀ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གི་ལས་དོན་རུ་ཁག་ཁག་དྲུག་པ་བཅའ་སྡོད་བྱས་རྗེས་བཅར་འདྲི་དང་རྟོག་ཞིབ་ཐེངས་མང་བྱས་པ་བརྒྱུད་གྲོང་མིའི་འཐུང་ཆུ་གཙོ་བོ་གངས་ཆུ་ཡིན་པས་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཕོག་པའི་དབང་གིས་ཆར་དུས་སླེབས་རིམ་བཞིན་བྱེ་རྡུལ་དང་སྦགས་བཙོག་འདྲེས་ནས་འཐུང་ཆུར་བཙོག་སྐྱོན་ཕོག་སྟེ་ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད། གཞིས་ཀ་གྲོང་ཚོའི་གྲོང་མིར་ལོ་མང་རིང་གི་འཐུང་ཆུའི་བདེ་འཇགས་གནད་དོན་སེལ་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་བྱེད་ཐབས་ཧུར་ཐག་སྤྱད་པས་རྒྱལ་ནང་གི་ཁོར་ཡུག་སྲུང་སྐྱོང་ལས་རིགས་ཀྱི་ཁེ་ལས་དྭངས་གཙང་ཆུ་ཁུངས་ཀུང་སིའི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། གཞིས་ཀ་གྲོང་ཚོའི་ཆུ་ཁུངས་དང་མདོང་ལམ་གྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་བརྒྱུད། 2017ལོའི་ཟླ་བ་བརྒྱད་པར་ས་མཐོའི་ཁོར་ཡུག་ལ་དམིགས་ནས་བཟོས་པ་དང་དམིགས་བསལ་སྒྲིག་བཟོ་བྱས་པའི་དྭངས་གཙང་དམངས་ཕན་ཆུའི་ས་ཚིགས་སྒྲིག་ཆས་རི་ཀླུང་ཁྲི་སྟོང་བརྒྱུད། ས་བབ་སྨི་4270ཡི་གཞིས་ཀ་གྲོང་ཚོར་འབྱོར། སྒྲིག་སྦྱོར་མི་སྣས་སྒྲིག་ཆས་དཀོན་པ་དང་། གློག་ཤུགས་བརྟན་པོ་མེད་པ། མདོང་ལམ་སྒྱུར་བཀོད་སོགས་དཀའ་ངལ་མང་པོ་ཁྱད་བསད་བྱས་ཏེ་དེ་མུར་དམངས་ཕན་ཆུའི་ས་ཚིགས་སྒྲིག་སྦྱོར་བྱས་པས་གཞིས་ཀ་གྲོང་ཚོའི་གྲོང་མིས་ཡུན་རིང་རེ་སྒུག་བྱས་པའི་འཐུང་ཆུ་གཙང་མ་བཏུང་རྒྱུ་ཡོང་བར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།