འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སྨྱུག་རྩལ་ལས་མངོན་པའི་རྒྱུད་གཅིག་ལམ་གཅིག་གི་ཉམས་སྣང་། 

    ལིས་གཡན་མེ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            ཀྲུང་ཕྱིའི་ཤེས་དཔལ་མཉམ་འདྲེས་ཀྱི་ལོ་རྒྱུས་དྲན་གསོ་བྱེད་སྐབས་སྐམ་ལམ་དང་མཚོ་ལམ་གང་ཞིག་ཡིན་རུང་ཤར་ནུབ་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཏེ་འཛམ་གླིང་ལ་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་བཞག་ཡོད་པ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཞི་མཐུན་དང་། སྒོ་འབྱེད། བསྟུན་མཁས་བཅས་ཀྱི་མི་རིགས་སྙིང་སྟོབས་མངོན་ཡོད། ཕོ་བྲང་རྙིང་མའི་ངོས་ནས་བརྗོད་ན། དེ་ནི་གནའ་རབས་ཀྱི་སྐམ་སའི་དར་གོས་ལམ་བུ་དང་མཚོ་ཐོག་དར་གོས་ལམ་བུའི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན་ལ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་བརྒྱུད་བསྒྲགས་དང་རིག་གནས་ཀྱི་གདེང་ཚོད་ངོམ་པའི་གར་སྟེགས་གལ་ཆེན་ཞིག་ཀྱང་རེད། ཟླ་7ཚེས་6ཉིན། “སོར་རྩལ་ལས་མངོན་པའི་རྒྱུད་གཅིག་ལམ་གཅིག་གི་ཉམས་སྣང—— དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་ལེའུ་བརྩམས”ཞེས་པའི་རི་མོའི་འགྲེམས་སྟོན་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་ཝུའུ་མོན་གྱི་ཁྲུང་གཤོག་ཐོག་ཁང་ཤར་མར་གཉེར་འགོ་ཚུགས་པ་རེད།
             རི་མོའི་འགྲེམས་སྟོན་ནང་ལིའུ་ཏ་ཝུའེ་དང་། ཉི་མ་ཚེ་རིང་། ཅང་ཝུའེ་སོགས་གྲགས་ཅན་རི་མོ་མཁས་ཅན་གྱི་བརྩམས་ཆོས་གསར་ཤོས་བཤམས་ཡོད། ཁོང་རྣམ་པས་མིག་རྒྱང་ཟབ་པ་དང་བྱང་ཆུབ་པའི་འབྲི་རྩལ་ལ་བརྟེན་ནས་དུས་ཚོད་དང་ས་ཐག་གི་ཚད་བཀག་ལས་སྒྲོལ་ཏེ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ཡུལ་གོམས་གཤིས་ལུགས་སྨྱུག་རྩེ་ལས་ཐོན་པར་བྱས་པ་དང་། ཀྲུང་གོའི་སྲོལ་རྒྱུན་གྱི་སྣག་རིས་འབྲི་སྟངས་ཐོག་ནས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ཡུལ་སྲོལ་གོམས་གཤིས་རི་མོར་བཀོད་དེ་ཀྲུང་གོའི་རི་མོའི་ཐུན་མོང་མ་ཡིན་པའི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད།
            རི་མོའི་འགྲེམས་སྟོན་ཆ་ཤས་གསུམ་ལ་དབྱེ་བ་སྟེ། གཅིག་ནི་སྒྱུ་རྩལ་མཁས་ཅན་ཚོས་ཧ་སག་སི་ཐན་དང་། ཁེར་གྷི་སི་ཐན། ཐ་ཇིག་སི་ཐན་སོགས་རྒྱལ་ཁབ་ཏུ་དངོས་འབྲི་བྱེད་པར་བསྐྱོད་དེ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དང་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པའི་བརྩམས་ཆོས་ཡིན་པ་དང། གཉིས་ནི་རི་མོ་མཁས་ཅན་མང་པོས་མཉམ་དུ་བྲིས་པའི་རིང་ཚད་ལ་སྨི་80དང་མཐོ་ཚད་ལ་སྨི་1.9ཡོད་པའི“རྩྭ་ཐང་གི་དར་གོས་ལམ་བུ”མཚོན་པའི་ཤོག་དྲིལ་རི་མོ་ཆེ་གྲས་《ཁྲེ་ལེ་སྔོ་ལྗང་གྲོང་གི་ཉམས་འགྱུར་》ཞེས་པ་དེ་ཡིན་པ། གསུམ་ནི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོའི་ས་ཕྱོགས་ཁག་གི་ཡུལ་སྲོལ་གོམས་གཤིས་མཚོན་པའི་བརྩམས་ཆོས་བཅས་རེད།
           ཨེ་ཤེ་ཡ་དབུས་མའི་དངོས་འབྲིས་བརྩམས་ཆོས་ཁྲོད་སྒྱུ་རྩལ་མཁས་ཅན་ཚོས་རང་སོ་སོའི་སྒྱུ་རྩལ་གྱི་ལྟ་སྟངས་དང་འབྲི་རྩལ་མི་འདྲ་བའི་ཐོག་ནས་སོ་སོའི་སེམས་ནང་གི“རྒྱུད་གཅིག་ལམ་གཅིག”མཚོན་པར་བྱས་ཡོད། བརྩམས་ཆོས་ནང་ཨེ་ཤེ་ཡ་དབུས་མའི་ཁྱད་ཆོས་ཀྱིས་ཕྱུག་པའི་བསྐྲུན་དངོས་དང་། བགྲེལ་སོང་གི་ཞི་ཞིང་བྱམས་པའི་ངང་ཚུལ་དང་། གྲུང་ཤ་དོད་ལ་འཚུབ་པའི་བྱིས་པ། ཡིད་འོང་ངོ་ཚ་སྨིན་པའི་དམན་ཤར། གཟུགས་སྟོབས་ཆེ་ལ་ཐང་ཤ་དོད་པའི་ན་གཞོན་སོགས་ལས་ང་ཚོས་སྒྱུ་རྩལ་མཁས་ཅན་ཚོས་དངོས་འབྲི་བྱེད་པར་བསྐྱོད་སའི་ཧ་སག་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་སོགས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་ཉམས་འགྱུར་དངོས་ཚོར་ཐུབ་པ་དང་། ཁོང་ཚོས་དངོས་འབྲིས་ཉམས་མྱོང་མང་པོ་བསགས་ནས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་སྨྱུག་རྩལ་ལ་བསྒྱུར་བ་དང་ཆབས་ཅིག སྨྱུག་རྩལ་གཡུགས་སྟངས་དང་གསོན་ཉམས་དོད་པོ་ཡོང་རྒྱུར་སྣང་ཆེན་བྱས་པ་དང་མཐོང་རྒྱ་ཡངས་པོ་དང་དམིགས་བསལ་གྱི་སྣག་རིས་ལ་བརྟེན་ནས་གནའ་དེང་གི་ཉམས་འགྱུར་མཚོན་པ་དང་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་ཁྱད་ཆོས་མངོན་པའི་རི་མོ་ལྟ་ན་སྡུག་པ་མང་པོ་ཞིག་བྲིས་ཡོད། རི་མོ་འབྲི་སྐབས་གམ་གཙང་བའི་མཐའ་རིས་དང་རྣམ་པར་བཀྲ་བའི་ཚོན་མདོག་དེ་དག་གནའ་བོའི་མཁར་རྫོང་ནང་ནས་གྲགས་འོང་བའི་གླུ་དབྱངས་སྙན་མོ་ཞིག་དང་འདྲ་བར་ཡུལ་ཕྱོགས་མི་འདྲ་བའི་ཉམས་འགྱུར་གྱི་སྒྲ་གདངས་ལྷུག་པོར་དཀྲོལ་བ་དང་འཚོ་བའི་ངང་ཚུལ་ལྡན་པའི་མི་སྣ་དང་ཡུལ་ལྗོངས་ལས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབར་གྱི་བར་ཐག་ཧོབ་ཏེ་ཉེ་རུ་བཏང་བ་ལྟར་སྣང་།
           ཀྲུང་གོའི་སྲོལ་རྒྱུན་གྱི་རི་མོ་དང་ལྷག་དོན་དུ་ཡུལ་ལྗོངས་རི་མོ་འབྲི་སྟངས་མང་ཆེ་བ་མིག་གིས་མཐོང་བ་སེམས་ལ་ངེས་ནས་མཐའ་རིས་རགས་ཙམ་བྲིས་རྗེས་རི་མོ་འབྲི་ཁང་དུ་གཞི་ནས་ཆ་ཚང་བ་ཞིག་འབྲི་ཡི་ཡོད། དུས་རབས་20པ་ནས་བཟུང་ཡུལ་ལྗོངས་རི་མོའི་འབྲི་སྟངས་ནུབ་ཕྱོགས་ལ་དཔེ་བལྟས་ནས་ཡུལ་ལྗོངས་དངོས་ལ་བལྟས་ཏེ་འབྲི་ཡི་ཡོད། འབྲི་སྟངས་དེ་རིགས་ཕྱོགས་གཅིག་ནས་སྒྲོམ་གཞི་ལྟར་འབྲི་བའི་སྲོལ་རྒྱུན་གྱི་འབྲི་སྟངས་དོར་ནས་འབྲི་ཡུལ་དངོས་ཀྱི་ཁྱད་ཆོས་ནས་འབྲི་སྟངས་གསར་པ་དང་ཉམས་སྣང་གསར་པ་འཚོལ་བ་དང་། ནུབ་ཕྱོགས་ཀྱི་འབྲི་སྟངས་འོས་འཚམ་སྤྱད་དེ་བརྩམས་ཆོས་གསོན་ཉམས་དོད་པོ་དང་མཛེས་པོ་ཡོང་བ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྨྱུག་རྩལ་སྐད་རིགས་གང་ལེགས་མངོན་པར་བྱེད་ཀྱི་ཡོད།
          《ཁྲེ་ལེ་སྔོ་ལྗང་གྲོང་གི་ཉམས་འགྱུར་》ཞེས་པའི་ཤོག་དྲིལ་རི་མོ་ཆེ་གྲས་དེ་ནི་དེང་སྐབས་ཀྱི་ཡུལ་ལྗོངས་རི་མོའི་དཔེ་མཚོན་ཞིག་ཡིན། བརྩམས་ཆོས་དེ་ནི་རྨ་ཆུའི་བྱང་ངོགས་དང་སྲིབ་རིའི་ལྷོ་རྒྱུད་ཀྱི“རྩྭ་ཐང་གི་དར་གོས་ལམ་བུའི”དུས་སྐབས་མཚོན་པའི་རི་མོ་ཞིག་ཡིན་ཞིང་། ལིའུ་ཏ་ཝུའེ་དང་། ཅང་ཝུའེ། ཁྲེང་ཀྲེན་གོ ཀྲང་ཧྥུའུ་ཤིང་། ཝང་མོང་ཧུའུ་བཅས་སྒྱུ་རྩལ་མཁས་ཅན་ལྔ་པོས་མཉམ་དུ་བྲིས་པ་ཞིག་རེད། འགྲེམས་ཁང་གི་གྱང་ངོས་སུ་སྒོར་འཁྱིལ་ལེར་བཀལ་བའི་རིང་ཚད་ལ་སྨི་80ཟིན་པའི་རི་མོ་དེ་ནི་དར་གོས་ལམ་བུའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་འཚམ་ཡོད་ལ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་ཡང་མཐུན་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”གི་དར་རྒྱས་ཀྱི་ཕུགས་འདུན་ཡང་འདུས་ནས་གནའ་བོའི་དར་གོས་ལམ་བུར་དུས་རབས་ཀྱི་སྙིང་དོན་གསར་རྐྱང་ཞིག་བསྣན་ཡོད།
            མིག་སྔར། ཀྲུང་གོའི་རི་མོ་འབྲི་སྟངས་དེ་རིགས་རྒྱལ་མཚམས་སྒྲོལ་ནའང་རིགས་རྒྱུད་ཀྱི་དབྱེ་བ་མེད་པར་འཛམ་གླིང་ཀུན་ལ་བརྡ་འཕྲོད་པའི་སྐད་ཆ་ཞིག་ལ་རིམ་གྱིས་འགྱུར་བཞིན་ཡོད།
          ཀྲུང་གོའི་རི་མོའི་འབྲི་སྟངས་དེ་སྲོལ་རྒྱུན་རིག་གནས་ཀྱི་ས་གཞི་གཤིན་པོ་ལས་ཐོན་པ་དང་། དར་གོས་ལམ་བུའི་ཐོག་གི་ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་དང་མཉམ་འདྲེས་ཐུབ་པ་དང་བསྟུན་ནས་ཟམ་མི་ཆད་པར་འཐུས་གོ་ཚང་དུ་ཕྱིན་ཏེ་གོང་འཕེལ་འགྲོ་མཚམས་ཆད་མྱོང་མེད་པའི་ཀྲུང་གོའི་རིག་གནས་ཀྱིས་ཀྲུང་གོའི་རི་མོའི་འབྲི་སྟངས་འཚོ་སྐྱོང་དང་ཕུན་སུམ་ཚོགས་སུ་གཏོང་གི་ཡོད། ད་ཆ་སྲོལ་རྒྱུན་རྒྱུན་འཛིན་དང་འབྱུང་འགྱུར་གསར་གཏོད་བྱ་རྒྱུ་དེ་ཀྲུང་གོའི་རི་མོ་མུ་མཐུད་གོང་འཕེལ་འགྲོ་བའི་ཞིབ་འཇུག་བྱ་གཞི་གསར་པར་གྱུར་ཡོད། དེས་ན། འགྲེམས་ཁང་ནང་གི་རི་མོ་ཚང་མ་སྒྱུ་རྩལ་མཁས་ཅན་ཚོས་རྒྱུན་འཛིན་དང་གསར་གཏོད་བྱས་ནས་འཚོལ་ཞིབ་ལམ་ལྷོངས་བྱུང་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།