འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་མོང·ཁཱ་ཏི། 

    ཧྲེན་ཏ་ལིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་10ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            འདི་ལོའི་ཟླ་4ཚེས་6ཉིན་ཧྥ་རན་སེའི་དེང་རབས་ཀྱི་སྙན་ངག་པ་དང་ཟློས་གར་མཁས་ཅན་ཨ་མོང·ཁཱ་ཏི་སྐུ་གཤེགས་ཤིང་། ཧྥ་རན་སེའི་རྩོམ་རིག་ལས་རིགས་སུ་སྐད་གྲགས་ཆོད་པའི་ཁོང་《ཧྥེ་ཅཱ་ལོའོ་ཚགས་པར་》གྱིས“སྐྱེས་བུ་རླབས་ཆེན་ཞིག་སྟེ། གསོན་པོར་བཞུགས་དུས་མེ་ལྕེ་མཁའ་ལ་འཕྱུར་བའི་མེ་རི་ཞིག་དང་ཡང་དག་མཚུངས”ཞེས་བསྟོད་པར་བྱེད། 《མི་ཆོས་ཚགས་པར་》ཐོག་ཁོང་ལ“ལྷའི་ཕོ་ཉ”ཞེས་འཁོད། ཨ་མོང·ཁཱ་ཏི་དང་འབྲེལ་བ་ལོ་མང་བྱེད་མྱོང་བའི་སྨྱུག་འཛིན་པས་བལྟས་ན། ཁོང་ནི་ཕྱོགས་གཉིས་མཉམ་དུ་འདྲེས་པ་ཞིག་སྟེ། “ཁོང་ཁྲོས་མྱོས་པའི་ལྷའི་ཕོ་ཉ་ཞིག”ཏུ་མཐོང་།
           ཨ་མོང·ཁཱ་ཏི་གློག་བརྙན་སྒྱུ་རྩལ་མཁས་ཅན་ཞིག་ཀྱང་ཡིན་པ་དང་། སྙན་ངག་དང་ཟློས་གར་སྒྱུ་རྩལ་བདུན་པར་འདྲེས་པར་བྱེད་མཁན་གྱི་གློག་བརྙན་སྒྱུ་རྩལ་གྱི་གསར་བརྗེས་པ་ཞིག་རེད། 1962ལོར་ཁོང་གིས་《ར་སྐོར་》ཞེས་པ་པར་ལེན་བྱས་ཏེ་ཉམས་ཞན་ཚོགས་སྤྱིའི་སླད་དུ་སྐྱབས་འཇུག་ཞུ་བའི་མཉམ་སྡེབ་ཅན་གྱི་འཁྲབ་སྟོན་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཐོག འཆིང་ཐག་གིས་བཅིངས་པའི་སྐྱེ་བོས་གནས་བབ་དེ་ལས་སྒྲོལ་ཕྱིར་འབད་བརྩོན་བྱེད་པ་མཚོན་པར་བྱས། གློག་བརྙན་དེ་སྟོན་སྐབས་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཟབ་མོ་ཐོབ་པ་མ་ཟད། “གློག་བརྙན་ཞིག་གི་མཉམ་དཀྲོལ་སྙན་ངག”ཅེས་པའི་བསྔགས་བརྗོད་ཐོབ་ཡོད་ལ། ཀཱ་ནཱ་གློག་བརྙན་དུས་ཆེན་གྱི“དཔྱད་གཏམ་བྱ་དགའ”ཡང་ཐོབ། ཁོང་གིས་ད་དུང་གློག་བརྙན་དེ་དང་མིང་གཅིག་པའི་ཡ་མཚན་ཆེ་བའི་སྙན་ངག་རིང་གྲས་《ར་སྐོར་》ཞེས་པ་ཨཱ་པོའོ་ལི་ནེར་རྣམ་པའི་སྙན་ངག་ཅིག་བྲིས།
          སྙན་ངག་དེ་དབྱིན་ཡིག་དང་། དབྱི་ཐ་ལིའི་ཡི་གེ འཇར་མན་གྱི་ཡི་གེ སི་ཕེན་གྱི་ཡི་གེ ཕོར་ཐིའུ་ཀལ་གྱི་ཡི་གེ ཅཱ་ཐའེ་ལོའོ་ཉི་ཡའི་ཡི་གེ་བཅས་སུ་བསྒྱུར་བ་མ་ཟད། ཕ་རི་སིར་སྙན་ངག་ཟློས་གར་དུ་སྒྱུར་ནས་ཕོར་ཐིའུ་ཀལ་སོགས་ཡོ་རོབ་སྐམ་སའི་རྒྱལ་ཁབ་ཏུ་སྐོར་འཁྲབ་བྱས་པར་གསན་པ་པོའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ།
           ཧྥ་རན་སེའི་གསར་བརྗེ་ཆེ་མོ་བྱས་ནས་ལོ་ཉིས་བརྒྱ་འཁོར་བའི་དྲན་གསོའི་ཉིན་མོར། ང་རང་གདན་ཞུས་ལྟར་ཕ་རི་སིའི་སྲུང་སྐར་གྲོང་མོང་ཐེ་དབྱི་གྲོང་ཁྱེར་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་གཏམ་བཤད་སྤེལ་བར་བསྐྱོད་པ་ཡིན། ཨ་མོང·ཁཱ་ཏིའི་ཟློས་གར་ལྟེ་གནས་གྲོང་ཁྱེར་མོང་ཐེ་དབྱི་རུ་ཡོད་པ་དང་ཁོང་གིས་ང་དང་ངའི་བཟའ་ཟླ་ཏུང་ཁྲུན་ལོའོ་ཏུང་ཐེ་གསོལ་མགྲོན་ཁང་དུ་དགོང་ཟས་སུ་གདན་ཞུ་གནང་བྱུང་། ཨ་མོང·ཁཱ་ཏི་ཡིས་ཁོང་1954ལོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་སྐོར་གྱི་མྱོང་ཚོར་དང་མྱོང་ཚོར་དེ་ལ་བརྟེན་ནས་བྲིས་པའི་《ཀྲུང་གོ་》ཞེས་པའི་དཔེ་དེབ། དེ་བཞིན་ཀྲུང་གོའི་སྐོར་གྱི་《ལའོ་ཀྲོའུ་ཡི་ཡུལ་སྐོར་ཟིན་ཐོ་》དང་《ཁེར་རྐྱང་གི་མི་ཞིག་》ཅེས་པའི་ཟློས་གར་བརྩམས་ཆོས་གཉིས་བྲིས་གནང་བའི་སྐོར་སོགས་རྫོགས་རྒྱུ་མེད་པ་གསུངས་ཀྱི་འདུག
          ཨ་མོང·ཁཱ་ཏིར་ཀྲུང་གོའི་གསར་བརྗེ་ལས་བག་ཆགས་ཟབ་མོ་བྱུང་ཅིང་། 《ཁེར་རྐྱང་གི་མི་ཞིག་》ཅེས་པའི་ཟློས་གར་ནང་ཁོང་གིས་ཀོང་ཤིས་ཀྲོང་རིགས་ཀྱི་ངེས་མེད་རྒོལ་རྡུང་རུ་ཁག་གི་འགོ་ཁྲིད་པ་དང་གོ་མིན་ཏང་ཀུའེ་ལིན་ཁོངས་གཏོགས་ཀྱི་དམག་ཤེད་ཅན་པའེ་ཁྲུང་ཞིས་དབར་དམག་འཐབ་གཟའ་འཁོར་གཅིག་བརྒྱབ་པ་དང་། ཁོ་པ་རི་ཁུག་གི་བྲག་ཕུག་ཆེན་པོ་ཞིག་ནང་བཀར་བ། དགུན་གྱི་གྲང་ངར་ཁྲོད་ཀྲུང་གོ་གསར་པ་དབུ་བརྙེས་རྒྱུའི་རེ་བ་བཅངས་ནས་སྡོད་པ་བཅས་འཁོད་ཡོད་པ་རེད། 《ཁེར་རྐྱང་གི་མི་ཞིག་》ཅེས་པའི་ཟློས་གར་དེ་1966ལོའི་ཟླ་ལྔ་པར་ཧྲེང་ཨའེ་ཏི་ཨན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་ནས་ཧྥ་རན་སེའི་ལྟད་མོ་བར་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་དམག་འཐབ་སྐོར་གྱི་མི་སེམས་འགུལ་བའི་གནས་ཚུལ་མངོན་པར་བྱས།
          དགོང་ཟས་སྒྲུབ་རྗེས་ཨ་མོང·ཁཱ་ཏིའི་ལྷག་བསམ་དག་པའི“ཀྲུང་གོར་བཅངས་པའི་བརྩེ་སེམས”དེ་ལས་ང་རང་སེམས་འགུལ་ཐེབས་ནས་《ར་སྐོར་》ཞེས་པའི་སྙན་ངག་དེ་ཡིག་སྒྱུར་བྱེད་འགོ་བརྩམས་པ་ཡིན། ཡིག་སྒྱུར་རགས་ཙམ་བྱས་རྗེས་ཕ་རི་སིའི་ཤཱ་ཐེ་ལའེ་ཐང་ཆེན་གྱི་ཅི་མོ་ཀོག་ཧྥེ་ཁང་དུ་ང་དང་རྩོམ་རིག་དཔྱད་གཏམ་མཁན་ཨའོ་ཅཱར་སོགས་མཁས་དབང་གྲོས་བསྡུར་གྱིས་རྒྱ་ཡིག་གི་བཤད་པ་དག་མིན་ཞུན་བརྡར་བཏང་ནས་རྒྱལ་ནང་གི་《ཕྱི་རྒྱལ་རྩོམ་རིག་》དུས་དེབ་ཐོག་འཁོད་རྒྱུར་བསྐྱལ་བ་ཡིན། ཨ་མོང·ཁཱ་ཏིས་རྒྱ་ཡིག་གི་《ར་སྐོར་》གཟིགས་རྗེས་རང་ཉིད་ཀྱི་སྙན་ངག་ཀྲུང་གོའི་ཀློག་པ་པོས་ཐོག་མར་ལྟ་ཐུབ་པར་དགྱེས་ཚོར་ཆེན་པོ་གནང་བ་མ་ཟད། ཀྲུང་གོར་དེ་བས་དགའ་ཞེན་ཚད་མེད་གནང་ནས། ཟློས་གར་ལྟེ་གནས་ཀྱི་ཀྲུའུ་རེན་རངས — ཡཱ་ཁེ·ཨའོ་ཁཱ་ཧེར་ཀྲུང་གོའི་བཟོ་ཞིང་དམར་དམག་གི་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ལོ་རྒྱུས་དཔྱད་གཞི་བསྡུ་སྒྲིག་བྱེད་དུ་བཅུག ཁོང་ལ་དམར་དམག་རྒྱལ་མོ་རྔུལ་ཆུ་བརྒལ་བའི་ལོ་རྒྱུས་དངོས་བྲིས་ཡིག་ཚགས་ཤིག་རྙེད་པ་དེ་ནས་ཟློས་གར་གསར་རྩོམ་གྱི་རིག་པ་རྙེད་ཐབས་གནང་། ང་དང་བཟའ་ཟླར་《རྒྱལ་མོ་རྔུལ་ཆུ་བརྒལ་བ་》ཞེས་པའི་དཔེ་ཆ་དེའི་དངོས་བྲིས་དང་དེ་འབྲེལ་གྱི་པར་རིས་དང་དེ་བཞིན་མཆན་འགྲེལ་བཅས་ཚང་མ་ཧྥ་རན་སེའི་ཡི་གེར་བསྒྱུར་ནས་ཁོང་གིས་ཀྲུང་གོའི་དམར་དམག་གི་རྒྱང་སྐྱོད་སྐོར་ཤེས་རྟོགས་བྱ་རྒྱུར་དཔྱད་གཞི་མཁོ་འདོན་བྱ་རྒྱུའི་མངགས་བཅོལ་གནང་བྱུང་།
          ད་དུང་དྲན་གསལ་ལ་2004ལོའི་ཕ་རི་སིའི་རིག་རྩལ་ལས་རིགས་ཀྱིས“ཝེ་ལུང་ལི”ཡི“སྒོ་འབྱེད་ཟློས་གར་ཁང”དུ་ཨ་མོང·ཁཱ་ཏི་དགུང་ལོ་80ལ་སླེབས་པའི་འཁྲུངས་སྐར་གྱི་དགོང་ཚོགས་འཚོགས་པ་རེད། ཁོང་གིས་ཧྥ་རན་སེའི་རིག་གནས་པུའི་པུའུ་ཀྲང་ཟུར་པ་ཡཱ་ཁེ·ལང་ཀོའི་ཕེབས་རོགས་འོག་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བར་ཕེབས་མཁན་གྱི་ཕྱོགས་ཁག་གི་སྐུ་མགྲོན་ལ་སྣེ་ལེན་ཞུས་གནང་བ་རེད།
          ཡིན་ནའང་ད་ཆ་ཁོང་ནི་སོ་སོ་རང་ཉིད་ཀྱིས་དུས་རབས་གོང་མའི་ལོ་རབས་70ཡི་དུས་འགོར་བྲིས་པའི་འཁྲབ་གཞུང་《བྱ་རོག་》ནང་གི་འདབ་ཆགས་དང་འདྲ་བར་གློ་བུར་དུ་ཚེ་ལས་འདས་ཟིན། ཨ་མོང·ཁཱ་ཏི་ཚེ་ལས་འདས་རྗེས་རངས —ཡཱ་ཁེ·ཨའོ་ཁ་ཧེར་གྱིས“ཁོང་ཚེ་ལས་འདས་མེད་པར་སྔར་བཞིན་མོང་ཐེ་དབྱིའི་སྡོད་ཁང་གི‘ཤིང་ཁང’ནང་རྩོམ་འབྲིར་འབད་བཞིན་འདུག”ཅེས་འདས་བརྡའི་གསལ་བསྒྲགས་སྤེལ།
          སྨྱུག་འཛིན་པར། ཨ་མོང·ཁཱ་ཏི་འཇིག་རྟེན་འདི་ནས་ཁ་བྲལ་ཡང་ཁོང་གི་སྙན་ངག་དང་ཟློས་གར་བརྩམས་ཆོས་འཛམ་གླིང་གི་རིག་མཛོད་ནང་ནམ་ཡང་ཉར་ཚགས་བྱས་ཏེ། ཡར་བརྩོན་ཕོད་པའི་མི་རྣམས་ལ་བློ་སྒོ་འབྱེད་པའི་སྙིང་སྟོབས་རྩ་ཆེན་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།