འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་རིགས་གཅིག་མཁས་ཅན་གྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཞ་མོན་གྱི་ཞལ་འཛོམས་ལ་
    གདེང་འཇོག་གང་ལེགས་གནང་ནས"གསེར་མདོག་ཅན་གྱི་ལོ་
    བཅུ"གསར་པར་རེ་སྒུག་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚེས་6ཉིན་རྒྱ་གར་གྱི་རིགས་གཅིག་མཁས་ཅན་མང་པོར་བཅར་འདྲི་བྱས་པར་ཁོང་ཚོས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་གྱི་ཞལ་འཛོམས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཐེངས་གཉིས་པའི“གསེར་མདོག་ཅན་གྱི་ལོ་བཅུའི”འཕེལ་རྒྱས་ཀྱི་མདུན་ལམ་ལ་སྤྲོ་སྣང་གིས་ཁེངས་བཞིན་ཡོད་ཅེས་ཤོད་ཀྱི་འདུག
            རྒྱ་གར་ཉི་ཧོ་ལུའུ་སློབ་ཆེན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་རྒྱ་རིག་པ་མཁས་ཅན་ཏི་པོ་ཅེས་ཞ་མོན་གྱི་ཞལ་འཛོམས་ཀྱི་རྒྱལ་སྤྱིའི་དུས་བབ་དང་། གོ་ལ་ཧྲིལ་པོའི་བཅོས་སྒྲིག འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་བཅས་ལ་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གྲུབ་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་འཕེལ་རྒྱས་ལ་རེ་བ་དང་སྒུལ་ཤུགས་གསར་པ་བསྣན་པས་འཛམ་གླིང་གི་སྒྲིག་ལམ་དེ་བས་ལུགས་མཐུན་ཞིག་འཛུགས་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་བ་རེད།
          ཏི་པོ་ཅེས་《འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་གྱི་བསྒྲགས་གཏམ་》ལ་བལྟས་ན་མཉམ་ལས་དེ་རིགས་ནི་རིམ་པ་མང་བ་དང་ཁྱབ་ཁོངས་རྒྱ་ཆེན་པོ་ཡོད། ཞ་མོན་ཞལ་འཛོམས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་དེ་བས་གཞུང་དྲང་དང་། འདྲ་མཉམ། དྲང་བདེན། དམངས་གཙོ། མཚོན་བྱེད་རང་བཞིན་བཅས་ལྡན་པའི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་ཞིག་འཛུགས་རྒྱུར་ཐུན་མོང་ཐོག་སྐུལ་མ་བཏང་ནས་སྒོ་འབྱེད་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དར་སྤེལ་བཏང་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་དེ་བས་དགེ་མཚན་ལྡན་པ་དང་དངོས་སྒྲུབ་མཉམ་ལས་ཀྱི་རྣམ་པར་བརྟེན་ནས“གསེར་མདོག་ཅན་གྱི་ལོ་བཅུ”གསར་པ་ཞིག་བསུ་ངེས་རེད་ཅེས་བརྗོད།
          འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག དངོས་སྒྲུབ་གསར་གཏོད། མཉམ་ལས་གཉིས་ཕན། བློ་རྒྱ་ཆེན་པོ། རང་ཚུགས་སྟར་པ་བཅས་ནི་འབོ་གསེར་རྒྱལ་ཁབ་ཀྱི་སྙིང་སྟོབས་མཚོན་ཚུལ་ཞིབ་ཕྲ་ཞིག་དང་འབོ་གསེར་རྒྱལ་ཁབ་ལྔ་པོས་ལོ་བཅུའི་རིང་མཉམ་ལས་ཀྱི་གོང་བུ་གཅིག་ཏུ་སྒྲིལ་བའི་ཐུན་མོང་རིན་ཐང་དོན་གཉེར་བྱེད་པ་ཞིག་རེད།
          རྒྱ་གར་ཉི་ཧོ་ལུའུ་སློབ་ཆེན་གྱི་ཨེ་ཤེ་ཡ་ཤར་མའི་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ཤེ་ཀང་གིས་ཞ་མོན་གྱི་ཞལ་འཛོམས་ལ་ཀུན་གྱིས་དོ་སྣང་ཆེ་ཤོས་བྱེད་པའི་ཕྱོགས་ཤིག་ནི་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས“གསེར་མདོག་ཅན་གྱི་ལོ་བཅུ”གཉིས་པར་སླེབས་པ་དེ་རེད། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་མགྱོགས་པོ་འགྲོ་བའི་གནས་ཚུལ་འོག་འབོ་གསེར་རྒྱལ་ཁབ་ཀྱིས་ནུས་སེམས་གཅིག་སྒྲིལ་གྱི་སྒོ་ནས་ཆབ་སྲིད་བདེ་འཇགས་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་སུ་མཐུན་སྦྱོར་གཅིག་གྱུར་གྱི་ལངས་ཕྱོགས་བཟུང་བ་དེ་ནི་གྲུབ་འབྲས་ཤིག་ཡིན་པའི་ངོས་འཛིན་གནང་བ་རེད།
          རྒྱ་གར་གྱི་རྡི་ལི་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ལས་འཁྱུར་དགེ་རྒན་ཆེ་མོ་བ་ཤིན་ཧ་ཡིས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ”གསར་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་མ་ཟད། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་དེ་བས་འོད་ཟེར་ལྡན་པའི་འབྱུང་འགྱུར་ཞིག་ཡོང་ངེས་ཡིན་པའི་ངོས་འཛིན་གནང་བ་རེད། ད་དུང་ཤིན་ཧ་ཡིས་རྒྱ་གར་དང་ཀྲུང་གོའི་ཕྱོགས་གཉིས་མཉམ་ལས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པའི་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།