འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་ཧའེ་ཐའོ་ཡིས་ཀྲུང་གོ་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོག་ཡངས་རྒྱུན་མཐུད་ཀྱི་གྲོང་
    ཁྱེར་ཅན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་རེ་ཡོད་ཅེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝུའུ་ཧའེ་ཐའོ་ཡིས་ཀྲུང་གོ་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་། ཁོག་ཡངས་དང་རྒྱུན་མཐུད་ཀྱི་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་གཞིས་ཆགས་ཁོར་ཡུག་ལེགས་སུ་གཏོང་བ་དང་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
           དེ་ཉིན་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་71པའི་《གྲོང་ཁྱེར་གསར་པའི་གྲོས་རིམ་》གྱི་རིམ་མཐོའི་ཚོགས་འདུའི་ཐོག་ཝུའུ་ཧའེ་ཐའོ་ཡིས་གཏམ་བཤད་སྤེལ་སྐབས་2016ལོའི་ཟླ་10པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡོད་ཁང་དང་གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོགས་ཆེན་སྐབས་གསུམ་པའི་ཐོག་《གྲོང་ཁྱེར་གསར་པའི་གྲོས་རིམ་》ལ་གྲོས་འཆམ་བྱུང་ནས་འབྱུང་འགྱུར་འཛམ་གླིང་གི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་མཐུད་གྲོང་ཁྱེར་ཅན་དང་མི་ལྟེ་བར་འཛིན་པའི་གྲོང་ཁྱེར་ཅན་གྱི་འཕེལ་རྒྱས་འགྲོ་ལམ་དུ་སྐྱོད་དགོས་པ་ཁ་གསལ་བཏོན་ཡོད་ཅེས་གསུངས།
          ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བཟུང་ནས་གཤམ་གྱི་བྱ་ཐབས་སྤྱད་དེ་《གྲོང་ཁྱེར་གསར་པའི་གྲོས་རིམ་》ལག་བསྟར་ནུས་ལྡན་བྱ་རྒྱུ་སྟེ། གཅིག་ནི་གྲོང་ཁྱེར་འཆར་འགོད་ཀྱི་ལས་ཀར་ཤུགས་སྣོན་བརྒྱབ་ནས་ཇུས་འགོད་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། གཉིས་ནི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱད་ལྡན་གྱི་ཉམས་འགྱུར་གཏོད་རྒྱུ། གསུམ་ནི་གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་བཏང་སྟེ་མི་སྡོད་ཁོར་ཡུག་སྐྱིད་པོ་ཞིག་བསྐྲུན་རྒྱུ། བཞི་ནི་ནུས་རྒྱུ་གྲོན་ཆུང་དང་ཆུ་གྲོན་ཆུང་གི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ལྔ་ནི་གྲོང་ཁྱེར་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱ་རྒྱུ་བཅས་རེད་ཅེས་གསུངས།
          ཝུའུ་ཧའེ་ཐའོ་ཡིས་གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས་ནི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཤམ་གསལ་ཕྱོགས་ཁག་ཐད་ནས་འབད་བརྩོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། གཅིག་ནི་དབུལ་ཕོངས་སེལ་བ་དང་། དབུལ་ཕྱུག་གི་ཧེ་བག་ཆུང་དུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་ཅན་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནི་ཚན་རིག་དང་མཐུན་པའི་ངང་གྲོང་ཁྱེར་གྱི་རྒྱ་ཁྱོན་དང་བཀོད་པ་འཆར་འགོད་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་སྟེ་ཁོག་ཡངས་རྒྱུན་མཐུད་ཀྱི་གྲོང་ཁྱེར་ཅན་མངོན་འགྱུར་བྱེད་དགོས་པ། གསུམ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཀའ་ངལ་དངོས་སེལ་དགོས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་མ་རྩ་དང་། ལག་རྩལ། ཤེས་ལྡན་པ། ཁྲོམ་ར་སྒོ་འབྱེད། བུ་ལོན་ཆག་ཡང་གཏོང་བ་སོགས་ཀྱི་ཁས་ལེན་ལག་བསྟར་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཅན་འཛུགས་སྐྲུན་ལ་ཕྱི་རོལ་གྱི་ཆ་རྐྱེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ་བཅས་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།