འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པས་ཞིང་ནང་སྐྱེ་དངོས་གཙོ་བོའི་ཐོན་འབབ་ ཉུང་དུ་འགྲོ་སྲིད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་09ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྤྱིའི་ཚན་ཞིབ་ཚོགས་ཆུང་ཞིག་གིས་ཨ་རིའི་《རྒྱལ་ཁབ་ཚན་རིག་ཁང་གི་རིག་གཞུང་ཚགས་པར་》ཐོག་བཏོན་པའི་ཞིབ་འཇུག་གསར་ཤོས་ཤིག་ནང་གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པའི་དབང་གིས་གྲོ་དང་། ཆུ་འབྲས། མ་རྨོས་ལོ་ཏོག སྲན་མ་སོགས་ཞིང་ནང་སྐྱེ་དངོས་གཙོ་བོའི་གོ་ལ་ཧྲིལ་པོའི་ཐོན་འབབ་ཉུང་དུ་འགྲོ་སྲིད་ཅེས་འཁོད་ཡོད།
          ཨ་རིའི་ཕུ་ལོ་ལི་ཏ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སེན་ཐེ་ཧོར་ཏེ·ཨ་སེན་དང་རྒྱལ་སྤྱིའི་ལས་རིགས་གཅིག་པས་སྙན་ཞུ་སྤེལ་ནས་མིའི་རིགས་ཀྱི་ཚ་ནུས་ཀྱི་གསུམ་ཆ་གཉིས་ནི་གྲོ་དང་། ཆུ་འབྲས། མ་རྨོས་ལོ་ཏོག སྲན་མ་བཅས་ལས་བྱུང་མོད། འོན་ཀྱང་གནམ་གཤིས་འགྱུར་ལྡོག་སོང་བ་ལས་ཞིང་ནང་སྐྱེ་དངོས་རིགས་4པོ་དེར་ཤུགས་རྐྱེན་ཐེབས་ཤུགས་གསལ་པོ་མེད། དེར་བརྟེན་ཁོང་ཚོས་བྱེད་ཐབས་སྣ་མང་སྤྱད་དེ་དེ་གོང་གི་འབྲེལ་ཡོད་ཞིབ་འཇུག་ཁག་70ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཡོད་ཅེས་བཤད།
         ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བར། དབྱེ་ཞིབ་བྱེད་ཐབས་ཚང་མར་མཇུག་བསྡོམས་གཅིག་མཚུངས་ཐོབ་པ་སྟེ། དྲོད་ཚད་འཕར་བ་དེས་གྲོ་དང་། ཆུ་འབྲས། མ་རྨོས་ལོ་ཏོག སྲན་མ་བཅས་ཀྱི་གོ་ལ་ཧྲིལ་པོའི་ཐོན་འབབ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཀྱི་ཡོད། གལ་ཏེ་དེ་མཚུངས་ཀྱི་བྱེད་ཐབས་མ་སྤྱད་ཚེ་གོ་ལ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་1རེ་འཕར་ཚེ་གོ་ལ་ཧྲིལ་པོའི་གྲོའི་ཆ་སྙོམས་ཐོན་འབབ་6%ཆག་སྲིད་པ་དང་ཆུ་འབྲས་དང་། མ་རྨོས་ལོ་ཏོག སྲན་མ་བཅས་ཀྱི་ཆ་སྙོམས་ཐོན་འབབ་སོ་སོར་3.2%དང་། 7.4% 3.1%བཅས་ཆག་སྲིད།
         ཞིབ་འཇུག་བྱས་པའི་ནང་ད་དུང་ཤེས་རྟོགས་བྱུང་བར། གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པ་ལས་ཞིང་ནང་སྐྱེ་དངོས་མི་འདྲ་བ་དང་ས་ཁུལ་མི་འདྲ་བར་ཤུགས་རྐྱེན་ཐེབས་ཤུགས་འདྲ་ཡི་མེད་ཅིང་། དྲོད་ཚད་འཕར་བ་དེས་ས་ཁུལ་འགའ་ཤས་ཀྱི་ཞིང་ནང་སྐྱེ་དངོས་ཀྱི་ཐོན་འབབ་འཕར་སྲིད་མོད། འོན་ཀྱང་ས་ཁུལ་ཕལ་ཆེ་བར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། དེར་བརྟེན་ས་ཁུལ་དང་ཞིང་ནང་སྐྱེ་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དེ་མཚུངས་ཀྱི་བྱེད་ཐབས་སྤྱད་དེ་གོ་ལ་ཧྲིལ་པོའི་མི་འབོར་འཕར་བའི་གནས་ཚུལ་འོག་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།