འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་སྲོལ་ལམ་དང་མི་འགལ་ཞིང་། ཁ་གཏད་དུ་མི་ལང་བ། 
    ཚོད་འཛིན་ལས་མི་ཤོར་བ་བཅས་འགན་ལེན་ཏན་ཏིག་བྱས་ནས་ཧི་མ་ལ་ཡ་ས་ཁུལ་ལས་བརྒལ་
    བའི་ཨེ་ཤེ་ཡ་གླིང་འཕེལ་རྒྱས་གཏོང་བའི་མཐོ་སྒང་ས་ཁུལ་གསར་པ་ཞིག་ཏུ་འགྱུར་བར་
    སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་བལ་ཡུལ་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་མཱ་ཧ་ལཱ་དང་གྲོས་མོལ་བྱས་རྗེས་མཉམ་དུ་གསར་འགོད་པ་ཚོར་མཇལ་འཕྲད་གནང་བ་རེད།
         གསར་འགོད་པས་བཏོན་པའི་བལ་ཡུལ་དང་དེ་བཞིན་རྒྱ་གར་དང་ཀྲུང་གོའི་བར་གྱི་འབྲེལ་བའི་གནད་དོན་སྐོར་གྱི་དྲི་བར་ལན་འདེབས་དུས། ཝང་དབྱི་ཡིས་དེ་སྔོན་གྱི་དུས་སྐབས་ཤིག་རིང་ཚང་མས་ཤེས་གསལ་གྱི་རྒྱུ་རྐྱེན་གྱི་དབང་གིས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བར་དངོས་གནས་གཏོར་སྐྱོན་དང་གནོད་སྐྱོན་ཐེབས་པ་རེད། ཉེ་ཆར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མོ་ཏི་གཉིས་ཀྱིས་ཞ་མོན་གྲོང་ཁྱེར་དུ་ཕྱོགས་གཉིས་བར་ལེགས་འགྲུབ་ངང་ཞལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་ནན་ཏན་བྱས་ནས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་སྐྱོན་དང་བྲལ་ཞིང་བརྟན་པོའི་ངང་གོང་ནས་གོང་དུ་འཕེལ་རྒྱས་འགྲོ་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བསྟན་པ་རེད།
         གཅིག ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་སྲོལ་ལམ་དང་མི་འགལ་བ། ཀྲུང་གོ་དང་རྒྱ་གར་གྱི་འཕེལ་རྒྱས་ཀྱིས་འཛམ་གླིང་གི་མ་འོངས་པ་མཚོན་གྱི་ཡོད་ཅིང་། རྒྱལ་ཁབ་གཉིས་མཛའ་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་བྱ་རྒྱུ་ནི་གདམ་ག་ལྡོག་མེད་ཡིན་ལ། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བའི་ཁ་ཕྱོགས་ཡང་དག་པ་ཡང་རེད།
         གཉིས། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་བར་ཁ་གཏད་དུ་མི་ལང་བ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་བྱས་ནས་ཕ་རོལ་པོ་ནི་དངོས་འབྲེལ་རང་ཉིད་འཕེལ་རྒྱས་འགྲོ་བའི་གོ་སྐབས་དང་མཉམ་ལས་ཀྱི་རོགས་ཟླར་འཛིན་དགོས་པ་ལས། འདས་ཟིན་པའི་དུས་ཀྱི་འདུ་ཤེས་མུ་མཐུད་ནས་བཟུང་ནས་ཕ་རོལ་པོ་རང་ཉིད་ཀྱི་འགྲན་ཡ་དང་འཇིགས་སྐུལ་དུ་མི་འཛིན་པར་བྱ་དགོས།
         གསུམ། ཀྲུང་གོ་དང་རྒྱ་གར་བར་གྱི་འགལ་བ་ཚོད་འཛིན་ལས་མི་ཤོར་བ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔར་གཞིགས་ནས་ཕྱོགས་འགལ་དང་གནད་དོན་ཐག་གཅོད་འོས་ཤིང་འཚམ་པར་བྱ་དགོས། འདས་ཟིན་པའི་དོན་རྐྱེན་ཁྲོད་ནས་བསླབ་བྱ་དང་ལེན་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་དགོས། 
         ཝང་དབྱི་ཡིས་བལ་ཡུལ་ནི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་བར་དུ་གནས་ཡོད་པས། གསར་དར་དཔལ་འབྱོར་དངོས་ཚན་ཆེན་པོ་གཉིས་སྦྲེལ་བའི་ཟམ་ཆེན་དང་འབྲེལ་ཐག་ཏུ་འགྱུར་བར་བྱེད་ཐུབ། ཀྲུང་གོ་དང་རྒྱ་གར་ནི་བལ་ཡུལ་གྱི་ཐུན་མོང་གི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཐོག་ནས་རྒྱལ་ཁབ་ཆེན་པོའི་བློ་རྒྱ་དང་འགན་འཁུར་སེམས་བཅངས་ནས་བལ་ཡུལ་གྱི་ལུགས་མཐུན་ཁེ་དབང་ལ་བརྩི་འཇོག་དང་། བལ་ཡུལ་གྱི་རང་བཙན་རང་བདག་ལ་རྒྱབ་སྐྱོར། བལ་ཡུལ་འཕེལ་རྒྱས་ཡར་ཐོན་འགྲོ་བར་རོགས་རམ་བཅས་བྱ་དགོས། བལ་ཡུལ་གྱིས་ཀྱང་འགལ་མེད་མཉམ་གནས་ཀྱི་སྒོ་ནས་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་དང་འབྲེལ་བ་འཕེལ་རྒྱས་གཏོང་ཐུབ་པར་ཡིད་ཆེས་ཡོད། ང་ཚོས་ཆ་རྐྱེན་གསར་སྐྲུན་རིམ་བཞིན་བྱས་ནས་ཀྲུང་གོ་དང་བལ་ཡུལ་དང་རྒྱ་གར་གསུམ་གྱི་དཔལ་འབྱོར་མཐུད་འབྲེལ་ས་རྒྱུད་ནར་རིང་འཛུགས་སྐྲུན་ཐབས་ལམ་འཚོལ་ཞིབ་བྱས་ནས་ཐུན་མོང་དུ་ཧི་མ་ལ་ཡ་ས་ཁུལ་ལས་བརྒལ་བའི་ཨེ་ཤེ་ཡ་འཕེལ་རྒྱས་གཏོང་བའི་མཐོ་སྒང་ས་ཁུལ་གསར་པར་འགྱུར་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།