འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་གཟི་ཚྭ་སྡེ་དགུའི་གེགས་རྗེས་བསྐྱར་སྐྲུན་དང་ལས་ཞུགས་རོགས་སྐྱོར་གྱི་ཆེད་
    དོན་ལས་བསྡུའི་འདུ་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་གྱི་གཟི་ཚྭ་སྡེ་དགུར་ས་ཡོམ་བརྒྱབ་པའི་རྐྱེན་གྱིས་ལས་ཀ་ཤོར་བའི་མི་སྣ་འཕྲལ་དུ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་ཆེད། སི་ཁྲོན་ཞིང་ཆེན་མི་སྤྱི་ཐིང་དང་ཁྲེང་ཏུའུ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཟི་ཚྭ་སྡེ་དགུ་རྫོང་དུ་གེགས་རྗེས་བསྐྱར་སྐྲུན་དང་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་ནས་ལས་གནས་ཁྲི་གཅིག་ལྷག་ཙམ་མཁོ་འདོན་བྱས་པ་རེད།
        ལས་བསྡུའི་འདུ་ཚོགས་ཐོག་སི་ཁྲོན་ཞིང་ཆེན་མི་སྤྱི་ཐིང་དང་ཁྲེང་ཏུའུ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་ས་ཁོངས་གཙོ་བོ་དགུའི་ཁེ་ལས་134ཡིས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་གཟི་ཚྭ་སྡེ་དགུ་དང་ཉེ་འཁོར་རྫོང་གི་ལས་ཀ་ཤོར་བའི་ཚོགས་སྤྱིའི་ནང་ཕྱིར་ལས་ཀ་བྱེད་འདོད་ཡོད་མཁན་ངལ་རྩོལ་པ་དང་དེ་བཞིན་རྔ་པ་ཀྲོའུ་ཡི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལ་ལས་རིགས་479མཁོ་འདོན་བྱས་པའི་ནང་ཁྱོན་ལས་གནས་ཁྲི་གཅིག་ལྷག་ཙམ་ཡོད་པ་རེད།
        ཁྲེང་ཏུའུ་གྲོང་ཁྱེར་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་ཡུའུ་ཡུང་ཀྲེས་ད་ཐེངས་ལས་བསྡུའི་ལས་གནས་ལ་དམིགས་སའི་རང་བཞིན་ཆེན་པོ་ལྡན་པ་དང་རིམ་ཁག་སྒྲིག་གཞི་དང་མི་སྤྱོད་ཚན་པས་སྔ་སྣུར་དུ་གཟི་ཚྭ་སྡེ་དགུ་རྫོང་དང་ས་ཡོམ་ནང་གནོད་འཚེ་ཕོག་པའི་ཟུང་ཆུ་རྫོང་དང་མཛོད་དགེ་རྫོང་སོགས་ཀྱི་མང་ཚོགས་ཀྱི་ལས་འཚོལ་དགོས་མཁོར་བརྟག་ཞིབ་མཐིལ་རྟོགས་བྱས་པ་དང་འབྲེལ། གླ་ཆ་མཐོ་ཙམ་ཡོད་པ་དང་། ལས་གནས་རྩལ་ནུས་དང་འཚམ་པ། ལས་འབོར་ཉུང་བ། བཟའ་སྡོད་ཐུབ་པ་བཅས་ཀྱི་ལས་གནས་ལེགས་འདེམས་བྱས་པའི་ནང་སྡེ་ལས་བདེ་སྲུང་དང་། ཨར་ཁང་གི་ཞབས་ཞུ་བ། ཡུལ་སྐོར་སྣེ་ཤན་པ། ཁ་ལོ་བ། སྤྱིར་བཏང་ལས་རིགས་སོགས་ཚུད་པ་རེད།
         ཁྲེང་ཏུའུ་གྲོང་ཁྱེར་ལས་ཞུགས་ཅུས་ཀྱིས་ད་དུང་རྔ་པ་ཀྲོའུ་མི་སྤྱི་ཅུས་དང་《ཁྲེང་ཏུའུ་གྲོང་ཁྱེར་རྔ་པ་ཀྲོའུ་གེགས་རྗེས་བསྐྱར་སྐྲུན་དང་ལས་ཞུགས་རོགས་སྐྱོར་རྣམ་གྲངས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་》བཞག་ཅིང་། ས་ཁུལ་གཉིས་ཀྱིས་མི་ཤུགས་ཐོན་ཁུངས་ཀྱི་ཆ་འཕྲིན་སྦྲེལ་མཐུད་སྟེགས་བུ་བསྐྲུན་པ་དང་ལས་ཀའི་འབྲེལ་གཏུག་སྤེལ་རེས་ལམ་སྲོལ་བཙུགས་ནས་ཁྲེང་ཏུར་ལས་ཀ་བྱེད་འདོད་ཡོད་མཁན་རྔ་པ་ཀྲོའུ་ཡི་ངལ་རྩོལ་ནུས་ཤུགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་བྱས་པ་དང་འབྲེལ་ཁྲེང་ཏུའུ་གྲོང་ཁྱེར་གྱིས་དགོས་མཁོར་གཞིགས་ནས་སྒྲིག་འཛུགས་བྱས་ཏེ་རྔ་པ་ཀྲོའུ་རུ་བསྐྱོད་ནས་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།