འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།"ངལ་རྩོལ་ལས་མི་བླ་ན་མེད་ཀྲུང་གོའི་རིག་གནས་ཉིན་མོའི"བྱེད་སྒོ་པེར་ཀྲེམ་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན་པེར་ཀྲེམ་གྱི་གྲོང་ཁྱེར་པོ་པོ་ལིན་ཨེའི་གྲོང་སྲིད་ཐང་ཆེན་དུ“ངལ་རྩོལ་ལས་མི་བླ་ན་མེད·ཀྲུང་གོའི་རིག་གནས་ཉིན་མོའི”བྱེད་སྒོ་གཉེར་ཞིང་། དམག་ཆེན་དང་པོའི་ཀྲུང་གོའི་ལས་མིའི་པར་རིས་འགྲེམས་སྟོན་དང་། དར་ཁྱབ་ཆེ་བའི་རོལ་དབྱངས་འདུ་ཚོགས། སེང་རྩེད་འབྲུག་རྩེད། ཡིག་གཟུགས། གཡོས་སྦྱོར་ལག་རྩལ། ཞིམ་ཟས་མྱོང་རོལ་སོགས་ལ་བརྟེན་ནས་ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། ཀྲུང་གོ་དང་པེར་ཀྲེམ་དམངས་ཚོགས་ཀྱི་སེམས་ཁམས་ཀྱི་བར་ཐག་ཉེ་རུ་བཏང་བ་དང་ཆབས་ཅིག ཟླ་11པར་ཀྲུང་གོའི་ལས་མིར་རྗེས་དྲན་བྱེད་པའི་འཇིམ་བརྙན་གྱི་ཡོལ་ཁེབས་འབྱེད་པའི་མཛད་སྒོར་གྲ་སྒྲིག་བྱས་པ་རེད།
         བྱེད་སྒོ་ནི་པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་པེར་ཀྲེམ་གྱི་ནུབ་ཧྥོ་ལན་ཏེ་ཞིང་ཆེན་གྱི་པོ་པོ་ལིན་ཨེ་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་གཉེར་བ་ཞིག་རེད། ཀྲུང་གོའི་རིག་གནས་ཉིན་མོའི་བྱེད་སྒོ་མཇུག་འགྲིལ་རྗེས་གཉེར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་པོ་པོ་ལིན་ཨེའི་ཧྲི་ཀྲང་ཁེ་ལི་སི་ཏུའོ་ཧྥུའུ·ཏེ་ཡ་ཀེས་འཛམ་གླིང་དམག་ཆེན་དང་པོའི་དུས་མཇུག་ཏུ་ཀྲུང་གོས་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་ཕྱོགས་ནས་དམག་འཁྲུག་ནང་ཞུགས་ཡོད། ཀྲུང་གོའི་ལས་མི་རྣམས་ཀྱིས་ལས་ལ་བརྩོན་པ་དང་དཀའ་སྡུག་ལ་མི་འཛེམས་པར་དབྱིན་ཇི་དང་ཧྥ་རེན་སེའི་དམག་དཔུང་ལ་རོགས་རམ་བྱས་ནས་འཛིང་རགས་སྐྲུན་པ་དང་། མཁོ་ཆས་སྐྱེལ་བ། ལམ་དང་ཟམ་པ་བཟོ་བ། རྨས་མ་སྐྱོབ་པ། གཡུལ་ས་གཙང་སེལ་བྱེད་པ། ས་འོག་འབར་མདེལ་མེད་པ་བཟོ་བ་སོགས་བྱས་ཏེ་པེར་ཀྲེམ་དམངས་ཚོགས་ཀྱི་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་དང་དེ་བཞིན་ད་ཆའི་རང་དབང་གི་འཚོ་བར་ལེགས་སྐྱེས་ཕུལ་བས་མི་རྣམས་ཀྱིས་དྲན་གསོ་ཞུ་འོས་པ་ཞིག་ཡིན་ཞེས་བཤད།
         དེ་གོང་གཉེར་འགོ་ཚུགས་པའི“ངལ་རྩོལ་ལས་མི་བླ་ན་མེད”ཅེས་པའི་པར་རིས་འགྲེམས་སྟོན་ཐོག་དམག་ཆེན་དང་པོའི་ཀྲུང་གོའི་ལས་མིའི་ལོ་རྒྱུས་ཀྱི་རིགས་གཅིག་མཁས་ཅན་ཧྥེང་ཧའོ་ལེས་པར་རིས་50ལྷག་ལ་བརྟེན་ནས་སྐུ་མགྲོན་རྣམས་ལ་ཀུན་གྱིས་ཤེས་རྟོགས་ཉུང་བའི་ལོ་རྒྱུས་ཤིག་བསྟན་པ་སྟེ། 1916ལོ་ནས་1918ལོའི་རིང་ཀྲུང་གོའི་ལས་མི་ཁྲི་14ཡོ་རོབ་ཏུ་བསྐྱོད་ནས་ངལ་རྩོལ་ནུས་ཤུགས་ཧ་ཅང་དཀོན་པའི་གྲོས་ཆིངས་བཞག་པའི་རྒྱལ་ཁབ་ཀྱི་དམག་དཔུང་ལ་འཐབ་སའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཞབས་འདེགས་ཞུས་ཡོད། དེའི་ནང་གི་མི་ཁྲི་1.2ལྷག་པེར་ཀྲེམ་དང་ཧྥ་རེན་སེ་འབྲེལ་མཚམས་ཀྱི་ས་ཆར་སླེབས་པས་དམག་འཁྲུག་གི་འགག་རྩའི་དུས་མཚམས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། 1917ལོའི་ཟླ་11ཚེས་15ཉིན་འཇར་མན་གྱི་དམག་དཔུང་གིས་པོ་པོ་ལིན་ཨེ་གྲོང་ཁྱེར་གྱི་པུའུ་སི་པེན་གྲོང་ཚོར་གནས་པའི་དམག་སྒར་ཞིག་འབར་རྫས་ཀྱིས་གཏོར་བས་དབྱིན་དམག་ལ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཞབས་འདེགས་ཞུ་མཁན་ཀྲུང་གོའི་ལས་མི་13རྐྱེན་ལམ་དུ་སོང་།
         “པུའུ་སི་པེན་གྲོང་ཚོ་འབར་རྫས་ཀྱིས་གཏོར”ནས་ལོ་100འཁོར་བར་དྲན་གསོ་ཞུ་ཆེད་པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ད་ལོ་པོ་པོ་ལིན་ཨེ་གྲོང་ཁྱེར་དུ་ཀྲུང་གོའི་ལས་མིའི་དྲན་གསོའི་འཇིམ་བརྙན་འཛུགས་རྒྱུའི་ཐག་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།