འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་འབྲེལ་ཡོད་ཕྱོགས་ཀྱིས་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་
    ཉམས་ཉེན་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་
    ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། སུའེ་ཙེར་གྱིས་བར་འདུམ་པ་བྱས་ནས་ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆའི་ཉམས་ཉེན་ཐག་གཅོད་ཡོང་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་བཤད་པར་དམིགས་ཏེ། ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་འབྲེལ་ཡོད་ཕྱོགས་ཀྱིས་ཕྱེད་གླིང་གི་དུས་བབ་ཞི་ལྷོད་དུ་གཏོང་བ་དང་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་ཉམས་ཉེན་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཚེས་4ཉིན་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལོ་དབྱི་ཐེ་ཧ་ཏེས་ཁྲའོ་ཞན་གྱིས་མཚོན་ཆའི་རྣམ་གྲངས་གློད་གཏོང་བྱ་རྒྱུའི་ཁ་ཏ་བསླབ་བྱ་རྒྱག་པའི་ཐད་བཀག་སྡོམ་གྱིས་གནས་ཚུལ་མང་པོར་འགྱུར་ལྡོག་གཏོང་མི་ཐུབ། ད་ལྟ་ཕན་ཚུན་སྐད་ཆ་ཤོད་རེས་བྱེད་དགོས་པའི་དུས་ལ་སླེབས་ཡོད། སུའེ་ཙེར་གྱིས་བར་འདུམ་པ་བྱས་ཏེ་ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆའི་ཉམས་ཉེན་ཐག་གཅོད་བྱེད་འདོད་ཡོད། དེའི་ནང་འབྲེལ་ཡོད་རྒྱལ་ཁབ་དབར་གྱི་སྲིད་གཞུང་དང་ཐ་ན་ཕྱི་འབྲེལ་དཔོན་དབར་གྱི་སྐད་ཆ་ཤོད་རེས་གཙོ་གཉེར་བྱེད་པ་ཚུད་ཡོད་ཅེས་བཤད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ཀེང་ཧྲོང་གིས“ང་ཚོས་སུའེ་ཙེར་ཕྱོགས་ཀྱི་རྣམ་འགྱུར་ལ་དོ་སྣང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཛ་དྲག་དང་ཁ་གཏད་ཞི་ལྷོད་དུ་གཏོང་བར་ཕན་པ་ཡོད་པ་དང་། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བར་ཕན་པ་ཡོད་པ། སྐད་ཆ་ཤོད་རེས་སྔ་ཙམ་བྱེད་པར་ཕན་པ་ཡོད་པ། ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་གྲོས་འགོ་འདོན་པར་དགའ་བསུ་ཞུ་རྒྱུ་ཡིན་ལ་སྐུལ་ལྕག་ཀྱང་བྱ་རྒྱུ་ཡིན། འབྲེལ་ཡོད་ཕྱོགས་ཀྱིས་ཕྱེད་གླིང་གི་དུས་བབ་ཞི་ལྷོད་དུ་གཏོང་བ་དང་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་ཉམས་ཉེན་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་པར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བཤད།
         ཀེང་ཧྲོང་གིས་མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བའི་ཐོག་ནས་སྐད་ཆ་ཤོད་རེས་དང་གྲོས་བསྡུར་བྱས་ཏེ་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐག་གཅོད་བྱ་རྒྱུའི་འབོད་སྒྲ་ནི་གཙོ་རྒྱུན་ཞིག་ཡིན། འབྲེལ་ཡོད་ཕྱོགས་ཁག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྒྲ་ཉན་ནས་སེམས་རྣལ་དུ་ཕབ་པ་ལས་ཕན་ཚུན་ངར་སློང་དང་འགལ་ཟླ་ཆེ་རུ་གཏན་ནས་མི་གཏོང་བའི་རེ་བ་ཡོད། ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པའི་ཐད་དམག་དོན་བྱ་ཐབས་ནི་ཕན་ནུས་ཐོན་པའི་གདམ་ག་ཞིག་མིན་ལ། བཀག་སྡོམ་ཁོ་ན་བྱེད་པ་ནི་རྩ་བ་ནས་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་དེ་བས་ཀྱང་མིན།
      

    ཕྱོགས་བསྡུས་གསར་འགྱུར།