འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས"ལྷམ་ལྗང་ཁུའི་བྱ་སྤྱོད"ལ་བརྟེན་ནས་ལྗང་མདོག་གི་ལུས་རྩལ་འདུ་ཤེས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་03ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནི་ཁང་ཕྱིའི་ལུས་རྩལ་སོགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོའི་དགའ་ཚལ་ལྟ་བུ་ཡིན་ཞིང་། ལུས་རྩལ་བྱེད་སྒོ་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཟུང་འབྲེལ་བྱས་ནས་མི་རྣམས་ཀྱིས་ལུས་སྦྱོང་བྱེད་པ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཟབ་ཏུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ལ་ཁྱབ་པའི“ལྷམ་ལྗང་ཁུའི་བྱ་སྤྱོད”སྤེལ་འགོ་བཙུགས་པ་རེད།
            མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་ནི་གཙང་གསུམ་ཆུ་འགོ་ཡིན་པས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་མཚན་སྙན་ཡང་ཡོད། ཁུ་ཁུ་ཤི་རི་སོགས་རང་བྱུང་མཛེས་ལྗོངས་ཁུལ་མང་པོ་ཡོད་པའི་མཚོ་སྔོན་ཞིང་ཆེན་ནི་མྱུལ་དཔྱད་པ་དང་། རླངས་འཁོར་དང་སྦག་སྦག་བཞོན་རྒྱུར་དགའ་པོ་བྱེད་མཁན། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱ་རྒྱུར་དགའ་པོ་བྱེད་མཁན་བཅས་ཀྱི་དགའ་ཚལ་ལྟ་བུ་ཡིན་པ་རེད།
          མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས། མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་ཞན་པོ་ཡོད་པས། མིག་སྔར་སྤེལ་འགོ་ཚུགས་པའི“ལྷམ་ལྗང་ཁུའི་བྱ་སྤྱོད”ཀྱིས་སྣོད་བཅུད་ཤེས་དཔལ་འཕེལ་རྒྱས་ལ་དམིགས་ནས་ཀྲུང་གོའི་བདེ་ཐང་ཆེ་མོ་དང་། སྤྲོ་གསེང་ཆེ་མོ། སྣོད་བཅུད་ཆེ་མོ། ཁོར་ཡུག་ཆེ་མོ་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཟུང་འབྲེལ་བྱས་ཐོག་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ཁུལ་གྱི་བྱེས་བགྲོད་འཛམ་གླིང་བུམ་པའི་འགྲན་བསྡུར་དང་རྐང་ཐང་མར་ཚ་འདམ་གཞོང་ས་བརྒལ་བ་སོགས་ཀྱི་ཇུས་གཞི་ཞིབ་ཚགས་བཟོ་རྒྱུ་ཡིན་ལ། “ལྷམ་ལྗང་ཁུའི་བྱ་སྤྱོད”སྤེལ་བ་བརྒྱུད་རྒྱ་ཆེའི་ལུས་རྩལ་ལས་དོན་པས་སྣོད་བཅུད་ལུས་རྩལ་གྱི་འདུ་ཤེས་གསར་པ་བཙུགས་ནས་སྣོད་བཅུད་ཤེས་ཚོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་གདེང་ཚོད་བརྟན་གཏོང་དང་སྣོད་བཅུད་རང་འབད་མངོན་འགྱུར་བྱས་ནས། གཟུགས་པོ་སྦྱོང་བརྡར་དང་། སྣོད་བཅུད་སྲུང་སྐྱོང་། མཐུན་སྒྲིལ་ལ་སྐུལ་འདེད། འཕེལ་རྒྱས་གཏོང་རོགས་བཅས་ཁྲོད་ཀྱི་ལུས་རྩལ་གྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་ཐུབ་རེ་ཡོད་ཅེས་བརྗོད་པ་རེད།
          “ང་ཚོས་ལྗང་མདོག་བློ་སྒོ་འབྱེད་པའི་ཚུལ་དུ‘ལོ་ཧྲིལ་པོ་བརྒྱུད་པ་དང་ཞིང་ཆེན་ཡོངས་ལ་ཁྱབ་པའི’‘ལྷམ་ལྗང་ཁུའི་བྱ་སྤྱོད’ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་བཙུགས་ཡོད”ཅེས་ཀྲང་ཉིང་གིས་དེ་ལྟར་བརྗོད།
          སླད་ཕྱིན་མཚོ་སྔོན་ལུས་རྩལ་སྡེ་ཚན་གྱིས་འགྲན་དོན་གྱི་སྣོད་བཅུད་དཔྱད་དཔོག་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་ཡིན་ཞིང་། ཀྲང་ཉིང་གིས། མིག་སྔར་ཅུས་དེས་འདི་ལོའི་རྨ་ཆུ་བརྒལ་བའི་རྒྱལ་སྤྱིའི་ཕུལ་བྱུང་འགྲན་བསྡུར་དང་འགྲན་སློང་འགྲན་བསྡུར་དང་མཚོ་སྔོན་པོའི་འཁྱགས་ཐོག་གོམ་བགྲོད་སོགས་འགྲན་དོན་ཚང་མར་ཁོར་ཡུག་དཔྱད་དཔོག་བྱས་ཚར་བ་དང་། སླད་ཕྱིན་ཁོར་ཡུག་རྗེས་སྙེག་བྱས་པ་བརྒྱུད་འགྲན་དོན་བྱེད་སྒོ་སྤེལ་བ་ལས་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡང་མི་ཐེབས་པའམ་སྦགས་བཙོག་གཏན་ནས་མི་བཟོ་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཀྲང་ཉིང་གིས། ལུས་རྩལ་སྡེ་ཚན་ནི་མཚོ་སྔོན་སྣོད་བཅུད་སྲུང་སྐྱོང་ལས་དོན་ནང་ཞུགས་མཁན་གཙོ་བོ་དང་ཕན་པ་ཐོབ་མཁན་གཙོ་བོ་ཡིན་པས། གོམ་བགྲོད་དང་རི་འཛེགས་སོགས་འགྲན་དོན་སྣ་ཚོགས་ཁྲོད་མཚོ་སྔོན་ལུས་རྩལ་སྡེ་ཚན་གྱིས“ཁོར་ཡུག་སྲུང་ལམ་རེ་དང་། ཁོར་ཡུག་སྲུང་ཁུག་རེ། ཁོར་ཡུག་སྲུང་སེམས་གཅིག”བཅས་ཀྱི་ལྗང་མདོག་གི་འདུ་ཤེས་བཏོན་ནས། འགྲན་དོན་སྒྲིག་འཛུགས་བྱེད་མཁན་དང་དེའི་ནང་ཞུགས་མཁན་ཚོར་ལྗང་མདོག་གི་འབོད་སྐུལ་དང་ལེན་ཞུས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་བྱས་ཡོད་ཅེས་བརྗོད་པ་རེད།
          ཀྲང་ཉིང་གིས། “སྣོད་བཅུད་ལུས་རྩལ་ཐད་མི་རྣམས་ལ་དགོས་མཁོ་མི་འདྲ་བ་མང་པོ་ཡོད་པར་དམིགས་ནས། ང་ཚོས་སྣོད་བཅུད་ལུས་རྩལ་གྱི་ཁོངས་སུ་དམངས་ཡོངས་ལུས་སྦྱོང་དང་། དམངས་ཡོངས་བདེ་ཐང་། མི་རིགས་མཐུན་སྒྲིལ། དབུལ་སྐྱོར་འགག་སྒྲོལ་བཅས་ཀྱི་ནང་དོན་རྒྱུན་ཆད་མེད་པར་མང་དུ་གཏོང་རྒྱུ་ཡིན་པ་དང་། ལྗང་མདོག་གི་བྱེད་ཐབས་སྤྱོད་པ་དང་། ལྗང་མདོག་གི་ལམ་བུར་སྐྱོད་པ། ལྗང་མདོག་གི་ཐོ་བཟོ་བ་བཅས་ཀྱི‘ལྗང་གསུམ’སྐུལ་འདེད་ཐབས་ལམ་བརྒྱུད་ལུས་རྩལ་ནང་ཞུགས་མཁན་ལ་ཐོབ་སེམས་སྔར་བས་མང་པོ་ཡོད་པ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།