མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་
འདུ་ཐེངས་ཉེར་དགུ་པས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པས་མི་དམངས་ཚོགས་ཁང་ཆེ་མོར་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས་ཆེད་མངགས་འདྲི་རྩད་བྱས་པ་རེད། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་ཚོགས་འདུར་ཕེབས་ཡོད་པ་རེད།
             ཨུ་ཡོན་ཀྲང་གཞོན་པ་ཅི་པིན་ཤོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་ཡང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཕེབས་ནས་འདྲི་རྩད་དང་ལེན་ཞུས་པ་རེད།
             ཚེས་29ཉིན་གྱི་ཕྱི་དྲོ་ད་ཐེངས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད། ཚེས་30ཉིན་གྱི་སྔ་དྲོ་ཚོགས་ཆུང་ཁག་བགོས་ཀྱིས་སྙན་ཞུ་དེར་གྲོས་ཞིབ་བྱས་པ་དང་། ཕྱི་དྲོའི་མཉམ་འབྲེལ་ཚོགས་ཆུང་ཚོགས་འདུའི་ཐོག་སྙན་ཞུར་མུ་མཐུད་གྲོས་ཞིབ་བྱས་པ་དང་འབྲེལ་ཆེད་མངགས་འདྲི་རྩད་བྱས་པ་རེད།
             ཆེད་མངགས་འདྲི་རྩད་བྱེད་པའི་བརྒྱུད་རིམ་ནང་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཁྲེན་ཀོང་གོས་དེང་སྐབས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་འཕྲད་པའི་དཀའ་གནད་དང་གནད་དོན་ཁྲོད་གང་དག་ཐག་གཅོད་བྱེད་ཁག་ཤོས་ཡིན་པ་དང་ཇི་ལྟར་བྱས་ཚེ་གཞི་ནས་ཐག་གཅོད་ནུས་ལྡན་ཐུབ་པ་དང་། ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཀུའོ་ཀེང་མའོ་ཡིས་ས་ཁུལ་དབུལ་པོར་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ། མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཞིབ་ཕྲའི་བྱ་ཐབས་གང་དག་ཡོད་མེད། རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ལིའུ་ཀྲེན་ཝུའེ་ཡིས་ཇི་ལྟར་བྱས་ཏེ་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ཚད་བརྒལ་ཡོང་གཞིར་བྱས་ཏེ་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་སྒྲིག་གཞིའི་ལམ་སྲོལ་གྱི་གནད་དོན་ཐག་གཅོད་བྱེད་པ། མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཏུའུ་ཏེ་དབྱིན་གྱིས་ས་ཁུལ་དབུལ་པོ་དང་ལྷག་དོན་དུ་མི་རིགས་ས་ཁུལ་དབུལ་པོར་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བ་དང་སློབ་གཉེར་སྤུས་ཚད་མཐོ་རུ་གཏོང་བའི་ཐད་བྱ་ཐབས་གང་དག་སྤྱད་ཡོད་མེད། མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཝུའུ་ཧྲི་མིང་གིས་རྒྱལ་ཁབ་ཀྱིས་ཇི་ལྟར་བྱས་ནས་ས་ཁུལ་དབུལ་པོའི་ཞིང་འབྲོག་པར་སྣོད་བཅུད་སྲུང་སྐྱོང་ཁྲོད་ནས་དངོས་ཕན་དེ་བས་མང་བ་ཐོབ་པ་བྱེད་པ། རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཐང་ཧྲི་ལིས་སྲིད་གཞུང་གིས་བྱ་ཐབས་གང་དག་སྤྱད་དེ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་མང་ཚོགས་དབུལ་པོ་ནད་གཞི་ལྟ་བ་དང་སྨན་བཅོས་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཁག་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་འདྲི་རྩད་གནང་བ་རེད། རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཝང་མིང་ཝུན་དང་། རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཀུའུ་ཧྲེང་ཙུའུ་ཡིས་ཀྱང་འདྲི་རྩད་གནང་བ་རེད།
             འདྲི་རྩད་བྱེད་མཁན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་ཆེད་བཙུགས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་མང་ཆེ་བ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་མ་འཚོག་གོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དུས་འགོའི་བརྟག་ཞིབ་ལས་དོན་ནང་ཞུགས་པ་དང་། ཁོང་རྣམ་པས་བཏོན་པའི་གནད་དོན་ལ་ཡོངས་ཁྱབ་རང་བཞིན་དང་དམིགས་སའི་རང་བཞིན་ལྡན་ཡོད་པ་རེད།
             དབང་ཡང་གིས་འབྲེལ་ཡོད་དྲི་བར་་ལན་སྐྱོན་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་བས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཡིན་ནའང་ལས་དོན་ཁྲོད་དཀའ་གནད་དང་གནད་དོན་ཁ་ཤས་ཡོད། དེའི་ནང་དངོས་པོ་ཁ་ཐང་བའི་ཕྱོགས་ཡོད་ལ་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པོ་མེད་པའི་ཕྱོགས་ཀྱང་ཡོད། དཀའ་ངལ་དང་གནད་དོན་དེ་དག་ཐག་གཅོད་ནུས་ལྡན་བྱེད་པར་འགག་རྩ་ནི་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་རྩ་འཛུགས་ཀྱི་མ་ལག་དང་། སྐུལ་སློང་བྱེད་ནུས། ལས་བྱེད་པའི་དཔུང་ཁག་བཅས་ལ་གང་ལེགས་བརྟེན་དགོས། གོམ་སྟབས་རྗེས་མར་གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་གནད་སྨིན་གྱི་ཐབས་ཇུས་ཆེ་མོ་མཐའ་འཁྱོངས་བྱེད་པ་དང་། སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོར་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་བྱེད་པ་དང་དབུལ་པོའི་གནད་དོན་བཅོས་སྒྲིག་བྱེད་པར་སྔོན་ལ་རྨོངས་གཉིད་སེལ་བའི་གནད་དོན་བཅོས་སྒྲིག་བྱས་ནས་ཡུལ་བབ་དང་བསྟུན་པ་དང་དུད་ཚང་དང་མི་ལ་བསྟུན་ནས་སྲིད་ཇུས་ལག་ལེན་བསྟར་ཏེ་མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བ་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞི་དང་དུས་བཅད་མཐའ་འཁྱོངས་བྱས་ནས་ལས་དོན་དེ་བས་ཧུར་ཐག་བསྒྲུབས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་གསུངས་པ་རེད།