འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ནེ་སྐྱིད་གྲོང་གི་རི་ཟུར་འགག་སྒོ་རྒྱལ་ཁབ་གསུམ་པར་དངོས་སུ་སྒོ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་ནེ་སྐྱིད་གྲོང་གི་རི་ཟུར་འགག་སྒོའི་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་བཟོ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། དེའི་ཐོག་ནས་འགག་སྒོ་དེ་རྒྱལ་ཁབ་གསུམ་པར་དངོས་སུ་ཕྱེ་ནས་རྒྱལ་ཁབ་གཉིས་དབར་གྱི་ཕྱོགས་གཉིས་ཉོ་ཚོང་དང་། ཡུལ་སྐོར། མ་འཇོག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བཅས་ལ་སྔར་བས་ཤུགས་སྣོན་ཐེབས་རྒྱུ་ཡིན་པ་མཚོན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། དེའི་གོང་དུ། ནེ་པ་ལའི་4·25ས་ཡོམ་གྱི་ཤུགས་རྐྱེན་ཐེབས་སྟབས་རྒྱལ་ཁབ་ཀྱི་རིགས་དང་པོའི་སྐམ་ལམ་ཚོང་འགྲུལ་འགག་སྒོ་འགྲམ་འགག་སྒོར་གནོད་སྐྱོན་ཚབས་ཆེན་ཕོག་ནས་འཁོར་སྐྱོད་བྱེད་མཚམས་མི་འཇོག་ཐབས་མེད་བྱུང་བས། སྐྱིད་གྲོང་འགག་སྒོ་ཀྲུང་ནེའི་མཐའ་མཚམས་ཉོ་ཚོང་གི་འགག་སྒོ་གལ་ཆེ་ཤོས་སུ་གྱུར་པ་རེད། ད་རེས་འགག་སྒོ་དེ་རྒྱལ་ཁབ་གསུམ་པར་དངོས་སུ་ཕྱེ་རྗེས་ཀྲུང་ནེ་རྒྱལ་ཁབ་གཉིས་ཕུད་པའི་རྒྱལ་ཁབ་གསུམ་པའི་མི་སྣ་ཡང་དཔང་ཡིག་ནུས་ལྡན་ཁྱེར་ནས་སྒྲོལ་ཆོག་པ་མ་ཟད་ད་དུང་དངོས་ཟོག་གི་སྒོ་ཁྲལ་འཇལ་བའི་ཐད་ལ་ཡང་རྒྱལ་ཁོངས་ཀྱི་ཁྱད་པར་མེད་པ་རེད།
           “ནེ་པ་ལ་ནི་ཡུལ་སྐོར་རྒྱལ་ཁབ་ཅིག་ཡིན་ལ། བོད་ལྗོངས་ཀྱང་ཀྲུང་གོའི་ཡུལ་སྐོར་ཞིང་ཆེན་ཞིག་ཡིན་པས། ངས་བལྟས་ན་སྐྱིད་གྲོང་གི་རི་ཟུར་འགག་སྒོ་རྒྱུན་ཆད་མེད་པར་ཕྱེ་བ་དང་བསྟུན་ནས། སླད་ཕྱིན་ཡུལ་སྐོར་དང་ཉོ་ཚོང་བྱེད་ཚད་སྔར་བས་མང་དུ་འགྲོ་རྒྱུ་རེད”ནེ་པ་ལ་ནི“རྒྱུད་གཅིག་ལམ་གཅིག”གི་ཁོངས་མིའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། འབྱུང་འགྱུར་འགག་སྒོ་འདི་ཉིད་ནེ་པ་ལ་དང་ཨེ་ཤེ་ཡ་ལྷོ་མ་ཡོངས་སྦྲེལ་མཐུད་བྱེད་པའི་ལམ་ཆེན་ཞིག་ཏུ་འགྱུར་རེ་ཡོད་ཅེས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀེ་པིན་ཏཱ·པཱ་ཧཱ་ཏུར·ཁར་ཅིས་བརྗོད་པ་རེད།
           བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཧུའེ་ཡིས། སྐྱིད་གྲོང་གི་རི་ཟུར་འགག་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ལས་དོན་ནི་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གྲོས་འགོ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མིག་སྔར་བོད་ཀྱིས་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལས་དོན་སྤེལ་ནས་མཐའ་མཚམས་ཉོ་ཚོང་དང་། ལས་སྣོན་ཉོ་ཚོང་། ས་ཁོངས་མཉམ་ལས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་མ་ཟད་ཟོག་འདྲེན་དང་། བཀར་འཇུག ཡུལ་སྐོར། ཚོང་དོན་ཞབས་ཞུ་སོགས་འབྲེལ་ཡོད་ལས་རིགས་འཕེལ་རྒྱས་ལ་ཡང་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།