འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་གསལ་བསྒྲགས་
    སྤེལ་ནས་ཁྲའོ་ཞན་གྱི་འཕུར་མདེལ་ཚོད་གཏོང་ལ་རྒོལ་གཏམ་དྲག་པོ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་གྱི་དགོང་མོ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་གསལ་བསྒྲགས་སྤེལ་ནས་ཁྲའོ་ཞན་གྱི་འཕུར་མདེལ་གསར་ཤོས་ཚོད་གཏོང་ལ་རྒོལ་གཏམ་དྲག་པོ་བཏང་བ་རེད། གསལ་བསྒྲགས་ནང་ཁྲའོ་ཞན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་སྲུང་བརྩི་ནན་པོ་ཞུས་ནས་འཕུར་མདེལ་ཚོད་གཏོང་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་རེ་བ་བཏོན་པ་རེད།
          གསལ་བསྒྲགས་ནང་ཁྲའོ་ཞན་གྱི་བྱེད་སྤྱོད་དེས“ས་ཁུལ་ལ་འཇིགས་སྣང་བཟོ་བ་མ་ཟད། ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཚང་མར་ཡང་འཇིགས་སྣང་བཟོ་ཡི་ཡོད”ཅེས་འཁོད་ཡོད། གསལ་བསྒྲགས་ནང་ཁྲའོ་ཞན་གྱིས“རྩུབ་སྤྱོད”དེ་རིགས་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་རེ་བ་བཏོན་ཡོད།
         གསལ་བསྒྲགས་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་ནས་འཕངས་པའི་རི་པིན་གྱི་མཁའ་ཐོག་ནས་འཕུར་བའི་འཕུར་མདེལ་དང་དེ་བཞིན་ཉེ་དུས་ཀྱི་བྱེད་སྤྱོད་རབ་དང་རིམ་པ་དང་ཡོངས་བསྒྲགས་གཏམ་བརྗོད་སྤེལ་བའི་དམིགས་ཡུལ་ནི་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་རྐང་བཙུགས་ནས་གཏོར་བཤིག་གཏོང་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
          མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ལིའུ་ཅེ་དབྱིས་གོང་ཚེས་ཉིན་འཚོགས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག“ཁྲའོ་ཞན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལས་འགལ་ནས་འབྲེལ་ཡོད་ཀྱི་འཕེན་གཏོང་བྱེད་སྤྱོད་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱ་རྒྱུ་ཡིན། ང་ཚོས་ཁྲའོ་ཞན་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་བླང་བྱར་བརྩི་སྲུང་ཞུ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། འབྲེལ་ཡོད་ཕྱོགས་ཁག་གིས་བཟོད་སྒོམ་བྱས་ནས་ཕན་ཚུན་ངར་སློང་བ་དང་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་གཏོང་བའི་གནས་ཚུལ་མི་ཐོན་པ་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན”ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།