འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།གནས་མཆོག་གིས་ཉེ་བར་བསྐྱངས་པའི་སྲོག་ཆགས་ཁྱོ་ཤུག 

    —— ཚན་ཞིབ་རིགས་གཅིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་སྲོག་ཆགས་ཀྱི་བརྩེ་དུང་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    མངའ་རིས་ས་ཁུལ་རྩ་མདའ་རྫོང་ནས་པར་དུ་བླངས་པའི་རྐྱང་ཕོ་མོ་གཉིས།
    མངའ་རིས་ས་ཁུལ་རྩ་མདའ་རྫོང་ནས་པར་དུ་བླངས་པའི་རྐྱང་ཕོ་མོ་གཉིས། 
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་མངའ་རིས་ལ“འཛམ་གླིང་ཡང་རྩེའི་ཏོག”ཅེས་འབོད་ཅིང་། མིག་སྔར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པ་དེ་གར་སྤེལ་བཞིན་ཡོད་པ་དང་། ལུགས་རྙིང་ལོའི་བདུན་པའི་ཚེས་བདུན་འཆར་ཉེའི་མཚམས་སུ་ཚན་ཞིབ་རུ་ཁག་གི་རིགས་གཅིག་མཁན་ཅན། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལན་ཤིན་མིན་གྱིས་ང་ཚོར་མཚོ་བོད་ས་མཐོའི་སྲོག་ཆགས་ཁྱོ་ཤུག་ཚོའི་བརྩེ་དུང་སྐོར་གྱི་གཏམ་རྒྱུད་བཤད་བྱུང་བ་སྟེ།
          ཁྲུང་ཁྲུང་མཇིང་ནག ཚེ་གཅིག་རིང་བརྩེ་དུང་ལ་འགྱུར་བ་མེད།
           ཁྲུང་ཁྲུང་མཇིང་ནག་ནི་བརྩེ་དུང་སླད་དུ་སྲོག་ཀྱང་དོར་ཕོད་པ། བརྩེ་དུང་ལ་བློ་གཅིག་སེམས་གཅིག་བྱེད་མཁན་གྱི་བྱ་རིགས་ཤིག་ཡིན་ཞིང་། ཁྲུང་ཁྲུང་མཇིང་ནག་ཕོ་མོ་ཟུང་དུ་འབྲེལ་ཚེ། ཚེ་གང་བརྟན་དུ་འགྲོགས་ནས་སྐྱིད་སྡུག་མཉམ་མྱོང་བྱེད། གལ་སྲིད་རོགས་ཟླ་གཅིག་རྐྱེན་ལམ་དུ་སོང་ཚེ་རོགས་ཟླ་གཞན་དེ་སེམས་སྡུག་དབང་གིས་འཆི་འགྲོ་བའམ་ཡང་ན་ཚེ་གང་ཁེར་བུར་སྡོད་པ་ལས་ཁྲུང་ཁྲུང་མཇིང་ནག་གཞན་དང་འགྲོགས་པར་མི་བྱེད།
         གཙོད། རང་སྲོག་ཤོར་ཡང་ངས་ཁྱེད་ལ་སྲུང་སྐྱོབ་བྱེད།
          གཙོད་འཁྲིག་སྦྱོར་བྱེད་པའི་དུས་ཚིགས་ཤར་དུས་གཙོད་ཕོ་དག་གིས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་གིས་དྲག་ཤུགས་ལ་བརྟེན་ནས་རང་གི་བརྩེ་དུང་གི་དགྲ་ཡ་དག་ལས་རྣམ་པར་རྒྱལ་རྗེས་གཞི་ནས་གཙོད་མོ་དག་དང་འདོད་པ་སྤྱོད་པའི་གོ་སྐབས་ཐོབ་སྲིད། གཙོད་ཁྱུའི་ཁྲོད་ཀྱི་གཙོད་ཕོ་དཔའ་སྟོབས་ཅན་ལ་གཞི་ནས་གཙོད་མོའི་བརྩེ་དུང་དང་བྱམས་བརྩེ་ཉམས་སུ་མྱོང་བའི་གོ་སྐབས་ཐོབ་པ་ཡིན། གཙོད་ཕོས་རང་ནུས་ཡོད་རྒུས་རང་གི་རོགས་ཟླར་གཙོད་ཕོ་གཞན་གྱི་དབང་ཡོད་མི་ཕོག་པའི་སྲུང་སྐྱོབ་བྱེད་པ་དང་མཐའ་ན་འཆི་སྲོག་ལ་ཐུག་ཀྱང་ཁོང་ཚོའི་དབར་གྱི་བརྩེ་དུང་ལ་སྲུང་སྐྱོང་བྱེད་པར་ནུས།
         རྐྱང་། ངས་འབད་བརྩོན་ལ་བརྟེན་ནས་ཁྱེད་སེམས་འགུག་པར་བྱེད།
         རྐྱང་སྦྱིག་དུས་ཤར་རྗེས་རྐྱང་ཕོས་ཉིན་ཤས་བསྟུད་མར་རང་སེམས་ཤོར་བའི་རྐྱང་མོར་ཨུ་ཚུགས་ཀྱིས་འཁྲས་ནས་སྡོད་ཅིང་། མཚམས་རེ་མཆུ་ཡིས་རྐྱང་མོའི་སྐེ་དང་གྲོད་པར་ཐུག་ཙམ་ཐུག་ཙམ་བྱེད་པ་དང་། ཡང་ལན་རེར་མགོ་བོས་རྐྱང་མོའི་མགོ་བོར་ཐུག་ཙམ་ཐུག་ཙམ་བྱེད། བརྩེ་དུང་གི་ཆེད་དུ་རྐྱང་ཕོས་སྙིང་རུས་ལྷོད་མེད་བྱས་ཏེ་རྐྱང་མོའི་སེམས་པ་འགུགས་པར་བྱེད།
          དགོ་བ། རང་གི་མཆོག་ཏུ་འགྱུར་བའི་ཆ་དེ་ཁྱེད་ལ་སྟོན་པར་བྱེད།
          ཡངས་ཤིང་མུ་མཐའ་བྲལ་བའི་བྱང་རྩྭ་ཐང་གི་ས་མཐོའི་ཐོག་རྒྱུག་པའི་དགོ་བ་དག་གི་འཕོང་ངོས་ཀྱི་སྙིང་གཟུགས་དཀར་ཆ་དེ་དེ་བས་མངོན་གསལ་དོད། འཁྲིག་སྦྱོར་གྱི་དུས་ཚིགས་སུ། དགོ་ཕོས་རྒྱུག་ནས་ཆད་རྒྱུ་མེད་པར་དགོ་མོར་རང་གི་མཛེས་ལ་སྟོབས་དང་ལྡན་པའི་གཟུགས་བྱད་ངོམས་པར་བྱས་ཏེ་དགོ་མོའི་ཡིད་དབང་བཀུག་ནས་འདོད་པ་ཐོབ་རེ་བྱེད།
          ཁྲུང་ཁྲུང་མགོ་ཁྲ། བཟའ་ཟླ་གྲོངས་རྗེས་བློ་གཅིག་སེམས་གཅིག་གིས་བུ་ཚ་སྐྱོང་བར་བྱེད།
          ཁྲུང་ཁྲུང་མགོ་ཁྲ་ཡིས་རང་གི་བཟའ་ཟླར་བློ་གཅིག་སེམས་གཅིག་བྱེད་ཅིང་། གལ་སྲིད་བཟའ་ཟླ་གྲོངས་ཚེ་བརྩེ་དུང་གླེང་བར་མི་བྱེད་ལ། རོགས་ཟླ་ནི་དེ་བས་འཚོལ་བར་མི་བྱེད་པར། སེམས་ནུས་ཡོད་རྒུས་རྗེས་རབས་བསྐྱངས་ནས་ཕ་མ་གཅིག་ལྕོགས་བྱེད།
          ལན་ཤིན་མིན་གྱིས། གཅེས་སུ་རུང་བའི་སྲོག་ཆགས་དེ་དག་གི་བདེ་སྐྱིད་བག་ཡངས་འཚོ་བར་བསུན་པོ་བཟོ་མཁན་མེད་པའི་རེ་བ་ཡོད་ལ། རང་ཅག་ཐུན་མོང་གི་ཁྱིམ་གཞིས་དང་འཛམ་གླིང་ཐོག་གི་ཆེས་མཐའ་མའི་དག་ཞིང་དེར་སྲུང་སྐྱོང་ཡག་པོ་ཐུབ་རེ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།