༄༅།།འབོ་གསེར་གྱིས་གཱ་ལེ་ལི་ཨའི་ཆུ་ཤུགས་གློག་གཏོང་ལམ་བུ་བཏོད་པ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 08ཚེས་31ཉིན། 10:31】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཟླ་བ་བརྒྱད་པའི་ཟླ་སྨད་དུ་ཨུ་རུ་སུའི་ནུབ་བྱང་རྒྱུད་ཀྱི་གཱ་ལེ་ལི་ཨ་སྤྱི་མཐུན་རྒྱལ་ཁབ་ཏུ་གནས་པའི་ཁའེ་མུའུ་གཙང་པོ་སྟོན་འགོའི་ཉི་གཞོན་གྱི་འོད་ཟེར་ཁྲོད་ཆུ་རིས་ཤིག་ཤིག་དང་བཅས་ཏེ་དལ་བུར་རྒྱུག་བཞིན་མཆིས།
ཡངས་ཤིང་རྒྱ་ཆེ་བའི་ལས་ཡུལ་དུ་མཐོ་ལ་ཆེ་བའི་ལྗིད་འདེགས་འཕྲུལ་འཁོར་ཨ་སྔོན་སྤྲིན་དཀར་གྱི་འོག་ཏུ་མངོན་གསལ་དོད་པོར་གནས། ས་རྐོ་འཕྲུལ་འཁོར་དང་ལམ་བཅག་འཕྲུལ་འཁོར་རེ་རེ་བཞིན་ཕར་འགྲོ་ཚུར་འོང་ངང་ལས་བྲེལ་ཆེ་ཞིང་གོ་རིམ་དང་ལྡན་པ་དང་། བཟོ་པ་བཅུ་གྲངས་འགའ་ཞིག་གློག་ཁང་གི་རྩིག་རྨང་དང་ཆུ་འདྲེན་སའི་ཆུ་སྒོ་སོགས་ས་ཁོངས་སུ་གཅིག་སྡུད་བྱས་ཏེ་རང་རང་སོ་སོའི་ལས་འགན་བསྒྲུབས་ནས་ཆུ་ཤུགས་གློག་ཁང་གཉིས་ཀྱི་ཐོག་མའི་སྒྲོམ་གཞི་འདིང་འགོ་བརྩམས།
འདི་ནི་ཨུ་རུ་སུའི་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་པ་(བསྡུས་མིང་ལ་འབོ་གསེར་དངུལ་ཁང་ཞེས་ཟེར)ཡིས་མ་དངུལ་བསྡུ་སྒྲིལ་འདོན་སྤྲོད་ངང་རྒྱབ་སྐྱོར་བྱས་པའི་རྣམ་གྲངས་ཐོག་མ་པེ་ལོ་པ་ལོ་ཧྲེ་ཆུ་ཤུགས་གློག་ཁང་ཆུང་གྲས་ཨང་དང་པོ་དང་གཉིས་པའི་ལས་ཡུལ་དངོས་དེ་རེད། རྣམ་གྲངས་དེ་2016ལོའི་ཟླ་10ཚེས་11ཉིན་ནས་དངོས་སུ་ལས་འགོ་བཙུགས་པ་ཞིག་ཡིན་ཞིང་། གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་50ཡིན་པ་དང་སྔོན་དཔག་ལྟར་ན་2019ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།
“ད་ཆ་རྣམ་གྲངས་དེ་འཆར་གཞི་གཞིར་བཟུང་བདེ་བླག་ངང་གཉེར་བཞིན་ཡོད་པ་དང་སྔོན་རྩིས་བྱས་ན་སང་ལོའི་ཟླ་8པར་རྩིག་རྨང་གི་ཆ་ཤས་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང་ལོ་མཇུག་ཏུ་གློག་གཏོང་འཕྲུལ་འཁོར་དང་ཆུ་འཁོར་འཕྲུལ་ཆས་སྒྲིག་སྦྱོར་བྱེད་མཇུག་འགྲིལ་རྒྱུ་རེད”ཅེས་རྣམ་གྲངས་དེར་མ་འཇོག་བྱེད་མཁན་གྱི་གྲས་ཤིག་ཡིན་པའི་ཀྲུང་གོ་ནུས་རྒྱུ་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སི་(བསྡུས་མིང་ལ་ཀྲུང་གོ་ནུས་རྒྱུ་ཞེས་བརྗོད)ཨུ་རུ་སུའི་ཡན་ལག་ཀུང་སིའི་ཅིང་ལི་ཨའར་ས་ལན་གྱིས་གསར་འགོད་པར་བཤད་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན། པེ་ལོ་པ་ལོ་ཧྲེ་གློག་ཁང་རྣམ་གྲངས་ལ་ཁྱོན་མ་དངུལ་ལུའུ་པུ་དུང་ཕྱུར་118(ཨ་སྒོར་དུང་ཕྱུར་2ཙམ་ཡིན་པ)བཏང་བ་རེད། འབོ་གསེར་དངུལ་ཁང་གིས་གཡར་བའི་ཨ་སྒོར་དུང་ཕྱུར་1ཕུད་གཞན་ཨུ་རུ་སུའི་ཐད་ཀའི་མ་འཇོག་ཐེབས་རྩ་དང་ཀྲུང་གོ་ནུས་རྒྱུ་སོགས་སྒྲིག་གཞིས་ཀྱང་མ་འཇོག་ནང་ཞུགས་ཡོད་པ་རེད།
འབོ་གསེར་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ནང་དུས་ཐུང་ནང་མཆན་བཀོད་བཀའ་ལན་ཨང་དང་པོ་ཐོབ་པ་དང་། ད་དུང་བློས་འགེལ་ཆོག་པའི་མ་དངུལ་བསྡུ་སྒྲིལ་རོགས་ཟླ་རྙེད་པའི་རྣམ་གྲངས་ཤིག་ཡིན་པའི་པེ་ལོ་པ་ལོ་ཧྲེ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་མ་འཇོག་བྱ་ཐབས་དེ་ཨུ་རུ་སུར་སྤྱོད་ཐེངས་དང་པོ་ཡིན་པ་དང་། རྒྱལ་སྤྱིའི་གོམས་སྲོལ་ནས་བལྟས་ཀྱང་ཚད་བརྒལ་ཆུང་ཆུང་ཞིག་མིན་པ་རེད། “རྣམ་གྲངས་དེའི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཧ་ཅང་བཟང་པོ་ཡོད་ཅེས་བཤད་ཆོག”ཅེས་ཨའར་ས་ལན་གྱིས་བཤད།
མིག་སྔར་རྣམ་གྲངས་དེས་ལས་ཞུགས་ལས་གནས་400ལྷག་ཙམ་གཏོད་པ་དང་ཐོབ་ཐང་ལེགས་པ་ལས་ས་གནས་ཁག་ནས་ཡོང་བའི་ངལ་རྩོལ་པའི་ཡིད་དབང་བཀུག་ཡོད། “ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱས་པ་དེས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཆེན་པོ་ལྡན་ཡོད། རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་བཟོ་པ་མང་ཆེ་བ་གཙོ་བོ་ས་གནས་དེ་ག་ནས་ཡིན་པ་དེས་ས་གནས་དེ་གའི་ལས་ཞུགས་འགན་ལེན་བྱས་ཡོད”ཅེས་གཱ་ལེ་ལི་ཨའི་སྲིད་འཛིན་དཔོན་ཨའར་ཐུའུ་འར·ཕའར་ཧྥིན་ཆི་ཁོ་ཧྥུའུ་ཡིས་བཤད།
2015ལོའི་ཟླ་7པར་ཀྲུང་གོ་དང་། ཨུ་རུ་སུ། པར་ཙིར། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ་བཅས་འབོ་གསེར་རྒྱལ་ཁབ་ལྔ་པོས་བཙུགས་པའི་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་པ་ཧྲང་ཧའེ་རུ་དངོས་སུ་ལས་གཉེར་བྱས་པ་དང། ཐོག་མའི་མ་རྩ་ཨ་སྒོར་དུང་ཕྱུར་1000ཡིན་པ་དེའི་ནང་གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་རྣམ་གྲངས་ཚུད་ཡོད། འབོ་གསེར་དངུལ་ཁང་གི་ཧང་ཀྲང་གཞོན་པ་ལའེ་སི་ལི·མ་སི་ཏོ་ཕུའུ་ཡིས་དེ་གོང་2016ལོར་ཁྱོན་ཁོངས་མིའི་རྒྱལ་ཁབ་ལྔའི་ནང་གི་རྣམ་གྲངས་5ཡི་མ་འཇོག་ལེགས་གྲུབ་བྱུང་བ་དང་སྔོན་དཔག་ལྟར་ན་འདི་ལོ་རྣམ་གྲངས་10ནས་15བར་ལ་མ་འཇོག་བྱ་རྒྱུ་ཡིན་ཞེས་བརྗོད་མྱོང་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལེའོ་པིན་ཆིང་དང་། ཧྲི་ཤིའུ་ལི། ལུའུ་ཅིན་པོ།