འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་རྩོམ་པ་པོས་731དཔུང་སྡེས་ཀྲུང་གོར་བཙན་འཛུལ་བྱས་པའི་ཉེས་དཔང་མཚང་
    བརྟོལ་བའི་དཔེ་དེབ་ཀྲུང་གོར་དཔེ་སྐྲུན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རི་པིན་གྱི་རྩོམ་པ་པོ་ཤི་ལི་ཕུའུ་ཡུང་ཙེས་བྲིས་པའི་731དཔུང་སྡེའི་ཉེས་མཚང་བརྟོལ་བའི་སྐོར་བཀོད་པའི་དངོས་བྲིས་བརྩམས་ཆོས་རིང་གྲས་《རྩེ་གྲི་དང་རིབ་མའི་འོག་གི་རི་པིན་གྱི་731དཔུང་སྡེའི་གསང་བ་》ཞེས་པའི་དེབ་དེ་ཉིན་ཤས་གོང་ཧྲན་དབྱང་དུ་པར་ཕུད་འགྲེམས་སྤེལ་བྱས་པ་རེད། དེབ་དེའི་ནང་རྩོམ་པ་པོས་ས་གནས་ས་ཐོག་ཏུ་གནོད་འཚེ་ཕོག་མཁན་མང་པོ་དང་དེ་བཞིན་དེ་སྔའི་731དཔུང་སྡེའི་དམག་མིས་བརྒྱུད་མྱོང་བའི་གནས་ཚུལ་བཀོད་ནས་731དཔུང་སྡེས་ཀྲུང་གོར་བསགས་པའི་སྡིག་ཉེས་ཐེར་འདོན་བྱས་ཡོད།
          ཤི་ལི་ཕུའུ་ཡུང་ཙེས་གསར་འགོད་པར་731དཔུང་སྡེའི་ཉེས་དཔང་བསྡུ་རུབ་བཅར་འདྲི་བྱ་ཆེད། ཁོང་གིས་སྔ་རྗེས་སུ་ཀྲུང་གོར་ཐེངས་30ལྷག་ཙམ་བསྐྱོད་པ་དང་འབྲེལ་2002ལོར་རི་པིན་དུ་731དཔུང་སྡེའི་སྡིག་ཉེས་ཐེར་འདོན་བྱེད་པའི་རི་པིན་སྐད་ཡིག་གི་དཔར་མའི་དཔེ་དེབ—《སྐྱེ་དངོས་དམག་གི་དཔུང་སྡེ་731》ཞེས་པ་དཔེ་སྐྲུན་བྱས་པ་རེད། ཉེ་བའི་ལོ་15རིང་། ཁོང་གིས་ཕྱི་རྒྱལ་ནས་ཤེས་རྟོགས་བྱུང་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་དང་དཔང་རྟགས་འཁྱེར་ནས་ཀྲུང་གོར་ཐེངས་མང་ཡོང་བ་དང་། ཧ་ལམ་ལོ་ལྟར་ཧྲེན་དབྱང་དུ་ཐེངས་རེ་ཡོང་གི་ཡོད་པ་རེད། ད་ཐེངས་དཔེ་སྐྲུན་བྱས་པའི་《རྩེ་གྲི་དང་རིབ་མའི་འོག་གི་རི་པིན་གྱི་731དཔུང་སྡེའི་གསང་བ་》ཞེས་པའི་དེབ་དེའི་ནང་དཔང་རྟགས་ཀྱི་དཔྱད་གཞི་གསར་ཤོས་དང་བཅར་འདྲིའི་གྲུབ་འབྲས་དེ་དག་ནི་2016ལོར་ཤེས་རྟོགས་བྱུང་བ་ཤ་སྟག་རེད།
          ཡིག་ཚགས་ཀྱི་དཔྱད་གཞི་གསར་ཤོས་དེབ་དེའི་ནང་731དཔུང་སྡེའི་ཧྲེན་དབྱང་མནའ་མཐུན་དམག་དཔུང་གི་བཟུང་དམག་ཡིང་དུ་བཅུག་པའི་རྒྱལ་ཁབ་ཁག་གི་མནའ་མཐུན་དམག་དཔུང་གི་བཟུང་དམག་ལ་འབུ་ཕྲའི་ཚོད་ལྟ་བྱས་ལུགས་དང་ཡ་ང་སྙིང་རྗེ་མེད་པར་མནར་གཅོད་གཏོང་བའི་ཉེས་གསོག་གི་དོན་དངོས་ཐོག་མར་ཡོངས་བསྒྲགས་བྱས་ཡོད་པ་དང་ཆབས་ཅིག་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རི་པིན་དང་ཨ་རིས་731དཔུང་སྡེའི་འབུ་ཕྲའི་དམག་འཁྲུག་གི་ཉེས་ཅན་པར་གུ་ཡངས་གཏོང་བའི་ནང་དོན་ཐེར་འདོན་བྱས་ཡོད།
          ཤི་ལི་ཕུའུ་ཡུང་ཙེས་ཡུལ་དངོས་སུ་གནོད་འཚེ་ཕོག་མཁན་དང་དེ་སྔའི་731དཔུང་སྡེའི་དམག་མིར་བཅའ་འདྲི་བྱས་ཏེ་ལོ་རྒྱུས་ཀྱི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་རག་པ་དང་། དམག་འཁྲུག་མཇུག་འགྲིལ་རྗེས་731དཔུང་སྡེས་ཨ་རི་དང་བརྗེ་རེས་བྱས་པའི་སྐོར་ཐེར་འདོན་བྱས་ཡོད་པ་མ་ཟད། ཚོད་ལྟའི་གྲངས་གཞི་སྣ་ཚོགས་ལ་བརྟེན་ནས་དམག་འཁྲུག་ཉེས་ཅན་པའི་ཉེས་པ་མེད་པ་བཟོས་པའི་སྐོར་ཡང་བརྗོད་ཡོད། དེབ་དེའི་ནང་ཁྱོན་རྩ་ཆེའི་པར་རིས་མང་པོ་བཀོད་ཡོད་པ་དེ་ཐོག་ནས་གནས་ལུགས་ཁུངས་བཙན་གྱི་ལོ་རྒྱུས་དཔྱད་ཡིག་དངོས་ཀྱི་ཐོག་ནས་སྐབས་དེ་དུས་ཀྱི་སྡིག་ཉེས་ཀྱི་ལོ་རྒྱུས་མངོན་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།